
པདྨ་དབང་འདུས།
སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ མི་མང་གི་ ས་གོ་དང་ གླིང་ག་ལ་སོགས་པའི་ མཐུན་རྐྱེན་ཚུ་ གོང་འཕེལ་གཏང་ནིའི་ནང་ མི་སྡེའི་ཞབས་ཏོག་ཞུ་མི་ ཁས་བླངས་པ་ཚུ་དང་གཅིག་ཁར་ གྲལ་བཞུགས་མཛད་གནང་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ འགལ་རྐྱེན་བར་ཆད་ཚུ་ ག་ནི་ཡང་མེད་པར་ རང་བཞིན་ལྷུན་གྱིས་ འགྲུབ་ཐབས་ལུ་ བཀྲ་ཤིས་སྨོན་ལམ་གྱི་ མཛད་སྒོ་དང་བཅསཔ་སྦེ་ འགོ་བཙུགས་གནང་ནུག།
ད་རེས་ ལས་རིམ་དེ་ནང་ དགེ་ལེགས་ཕུག་དང་ ཉེ་འདབས་ཀྱི་ ས་ཁོངས་ཚུ་གི་ནང་ལས་ རྒྱལ་སྲུངཔ་དང་ བདེ་སྲུངཔ་ སྤྱི་ཚོགས་ཀྱི་འཐུས་མི་ ལས་སྡེ་ཁག་མ་འདྲཝ་ཚུ་དང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ ཡན་ལག་ལས་སྡེ་ དེ་ལས་ རེཌ་ཀོ་རོཛ་དང་ དྲང་ཁྲིམས་ལྷན་སྡེ་ ཁེ་མིན་ལས་ཚོགས་ཚུ་ལས་ ཁས་བླངས་པ་ཚུ་ཡོདཔ་ཨིན་པས།
དེ་མ་ཚད་ རྩི་རང་དང་ དར་དཀར་ནང་ པདྨ་ཐང་ ཕུན་ཚོགས་གླིང་ གཞལམ་སྒང་ཀྲོང་ མནྜལ་སྒང་ ངང་ལམ་ཚུ་ལས་ཡང་ མི་སྡེའི་སྡེ་ཚན་ཚུ་བརྩིས་ཏེ་ ཁས་བླངས་པ་ཡོངས་བསྡོམས་ ༧,༠༥༠ དེ་ཅིག་ སྤུངས་འཛོམས་འབད་ནུག།
དེ་བཟུམ་མའི་ གྲལ་གཏོགས་གང་མང་ཐོག་གི་ ཁས་བླངས་ལས་རིམ་དེ་ རྒྱལ་ཁབ་མཐའ་དབུས་མེད་པའི་ མི་སེར་ཚུ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ གོང་འཕེལ་གཏང་ནིའི་ནང་ སྤྱི་ཟླ་ ༩ པའི་ཚེས་ ༤ ལས་ ༨ ཚུན་ ཕྱག་ཞུ་ནི་གི་ ལས་རིམ་ཡོདཔ་ཨིན་པས།
དེ་ཡང་ ཁས་བླངས་པ་ཚུ་གིས་ མཁས་མཆོག་ཅན་གྱི་ འགོ་འདྲེན་འཐབ་མི་ཚུ་གི་ ལམ་སྟོན་ཐོག་ལུ་ ངོས་འཛིན་གྲུབ་མི་ གླིང་གའི་ས་ཁོངས་ གོང་འཕེལ་གཏང་ནི་དང་ སྡོད་ཁྲི་ཚུ་བཙུགས་ནི་ དེ་ལས་ འཐུང་ཆུའི་ས་གོ་དང་ ཆབ་གསང་ མཛེས་ཆའི་ས་ཁོངས་ཚུ་ སེལ་ནི་གི་ལཱ་ཚུ་ འབད་དོ་ཡོདཔ་སྦེ་བཀོད་ནུག།
མི་དབང་་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ གོང་འཕེལ་གཏང་ནིའི་ནང་ འབྲུག་པའི་མི་སེར་ཚུ་གིས་ མ་འོངས་མི་རབས་ཚུ་གི་དོན་ལུ་ ཁས་བླངས་ཐོག་ལས་ ཞབས་ཏོག་གི་ ཕན་གྲོགས་འབད་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནང་ཡོད་པའི་གནས་ཚུལ།