
ཧི༌མ༌ལ་ཡཱན།
ནེ་པཱལ་གཞུང་གིས་ མི་སྡེ་བརྡ་བརྒྱུད་ཚུ་ ལེ་ཤ་ཅིག་ར་ བཀག་དམ་འབད་བའི་ཤུལ་ལས་ ཇེན་ཟི་ཟེར་མི་ ན་གཞོན་ཚུ་གིས་ སྤྱི་ཟླ་ ༩ པའི་ཚེས་ ༨ དང་ ༩ ལུ་ ངོ་རྒོལ་འབད་མི་དེ་ ཁྲིམས་སྲུང་འགག་སྡེ་གིས་ ཚད་འཛིན་འབད་མིའི་ནང་ མི་གྲངས་ ༥༡ ལུ་ ཤི་རྐྱེན་དང་ ༡,༣༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།
མ་གཞི་ མི་སྡེ་བརྡ་བརྒྱུད་ བཀག་དམ་འབད་མི་ཚུ་ ན་གཞོན་ཚུ་གིས་ ངོ་རྒོལ་འགོ་བཙུགས་པའི་ཉིན་མ་ར་ ཡངས་ཆག་བཏང་ཡོད་རུང་ བློན་ཆེན་ཀེ་པི་ ཨོ་ལི་གིས་ དགོངས་ཞུ་མ་འབད་ཚུན་ ངོ་རྒོལ་མཚམས་འཇོག་ འབད་མ་བཏུབ་ཨིན་པས།
ངོ་རྒོལ་དེ་ནང་ གཞུང་གི་སྒྲིང་ཁྱིམ་དང་ དམངས་སྒེར་གཉིས་ཆ་རའི་ སྒྲིག་བཀོད་ཚུ་ལུ་ གནོདཔ་བཀལ་ཡོདཔ་མ་ཚད་ སྤྱི་ཚོགས་ཀྱི་ སྒྲིང་ཁྱིམ་དང་ ལྷན་ཁག་ མངའ་སྡེའི་ཁྲིམས་ཁང་ མངའ་སྡེ་བདག་སྐྱོང་གི་ ཡིག་ཚང་ཚུ་ལུ་ཡང་ མེ་སྤར་ནུག།
དེ་འབདཝ་ལས་ སྤྱི་ཟླ་ ༩ པའི་ཚེས་ ༡༢ ལུ་ ནེ་པཱལ་གྱི་སྲིད་འཛིན་ རམ་ཅཱན་ད་ར་ པའུ་ཌེལ་གྱིས་ སྲིད་འཛིན་འོགམ་དང་ ད་རེས་ཀྱི་ཁྲིམས་སྤྱི་ གཞུང་གི་ཆེ་མཐོའི་དཔོན་ཁག་ སྲུང་སྐྱོབ་གཙོ་འཛིན་ དེ་ལས་ དོན་གཅོད་མི་སྡེ་ཚུ་གི་ སྐུ་མདུན་ལུ་སྦེ་ ཁྲིམས་སྤྱི་བགྲེསཔ་ ཨམ་སུ་ཤི་ལ་ ཀར་ཀི་དེ་ གནས་སྐབས་ཀྱི་ བློན་ཆེན་སྦེ་ དམིགས་བསལ་གྱི་ རྟེན་འབྲེལ་བརྩི་སྲུང་ཐོག་ལས་ བསྐོ་བཞག་མཛད་ཡོདཔ་ཨིན་པས།
དེ་ཡང་ ནེ་པཱལ་གྱི་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལྟར་དུ་ རྩ་ཁྲིམས་ཆེན་མོ་ལུ་ བརྩི་བཀུར་དང་ རྒྱལ་ཡོངས་གཅིག་སྒྲིལ་གྱི་དོན་ལས་ སྲིད་འཛིན་གྱི་ དབང་ཚད་དང་འཁྲིལ་ཏེ་ བསྐོ་བཞག་གནང་ཡོདཔ་ད་ བློན་ཆེན་གྱིས་ གྲོས་དོན་ཕུལ་མི་དང་བསྟུན་ཏེ་ ཟླ་ངོ་ ༦ གི་ ནང་འཁོད་ལུ་ སྤྱི་ཚོགས་གསརཔ་གི་དོན་ལས་ བཙག་འཐུ་འགོ་འདྲེན་འཐབ་དགོ་པའི་ འགན་ཁུར་ཡང་ བཀལ་གནང་ནུག།
ཨམ་ཀར་ཀི་དེ་ གནས་སྐབས་ཀྱི་ བློན་ཆེན་སྦེ་ བསྐོ་བཞག་འབད་དགོ་མི་དེ་ གཙོ་བོ་ར་ ཇེན་ཟི་སྡེ་ཚན་གྱིས་ ད་ལྟོ་ཡོད་མི་ སྤྱི་ཚོགས་ཆ་མེད་བཏང་སྟེ་ ཕྱོགས་རིས་མེད་པའི་ བདག་སྐྱོང་ཅིག་ བཙུགས་དགོ་པའི་ དགོས་མཁོ་བཀོད་མི་དང་བསྟུན་ཏེ་ཨིན་པས།
དེ་ལས་ འཐུས་མི་ ༣ འབད་མི་ ལྷན་རྒྱས་གཞུང་ཚོགས་ཅིག་ གཞི་བཙུགས་འབད་ནི་གི་ གྲོས་འཆར་བཀོད་ཡོད་རུང་ བློན་པོ་ཚུ་ གདམ་འཐུ་འབད་ནི་ལུ་ ཁ་འཆམ་མ་ཚུགསཔ་ལས་ གནས་སྐབས་ཅིག་ ལྷན་རྒྱས་གཞུང་ཚོགས་ཀྱི་ འགན་ཁུར་དེ་ཡང་ བློན་ཆེན་ལུ་བཀལ་ནུག།
ཨམ་ཀར་ཀི་ གནས་སྐབས་ཀྱི་ བློན་ཆེན་སྦེ་ བསྐོ་བཞག་གྲུབ་མི་དེ་ ནེ་པཱལ་གྱི་ འབྱུང་རབས་ནང་ ཁྲིམས་སྤྱིའི་གོ་གནས་ཁར་ལྷོད་མི་ ཨམ་སྲུ་དང་པ་ཨིན་པའི་ཁར་ བློན་ཆེན་གྱི་ གོ་གནས་ལུ་ཡང་ ཨམ་སྲུ་དང་པ་ཨིན་པས།
སྲིད་འཛིན་གྱིས་ ནེ་པཱལ་གྱི་ སྤྱི་ཚོགས་དེ་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ཏེ་ ཆ་མེད་གཏང་ཐོག་ལས་ གློ་བུར་གྱི་གནས་སྟངས་ གསལ་བསྒྲགས་གནང་ནི་སྦེ་ ཁས་ལེན་འབད་མི་དང་འབྲེལ་ཏེ་ ནེ་པཱལ་གྱི་ རྒྱལ་ཡོངས་འགྲོ་བ་མིའི་ ཐོབ་དབང་ལྷན་ཚོགས་ཀྱིས་ ད་རེས་ཀྱི་ བྱེལཝ་དེ་ཡང་ འགྲོ་བ་མིའི་ཐོབ་དབང་དང་ དམངས་གཙོའི་གཞི་རྩ་ དེ་ལས་ ཁྲིམས་གཞུང་ཚུ་དང་འཁྲིལ་ཏེ་ འཇོམས་ཐབས་འབད་དགོ་པའི་ ནན་སྐུལ་ལུ་བརྟེན་ཏེ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 839
Users Yesterday : 1379
This Month : 839
This Year : 229680
Total Users : 941496
Views Today : 2105
Total views : 2741148
Who's Online : 8