
པདྨ་དབང་འདུས།
སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ རྒྱལ་ཡུམ་ཕན་བདེ་བློ་གཏད་ཀྱི་སྐྱབས་འཛིན་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐིམ་ཕུ་རྒྱལ་བཙུན་རྗེ་བཙུན་པདྨ་དབང་ཕྱུག་ ཨའི་དང་ ཨ་ལོའི་སྨན་ཁང་ནང་སྦེ་ ཨོམ་ནད་བཅོ་ཐབས་སྣ་ཚོགས་ཀྱི་ སྨན་བཅོས་ཁང་གི་ འགོ་འབྱེད་མཛད་གནང་ཡོདཔ་ད་ འགོ་འབྱེད་རྟེན་འབྲེལ་དེ་ནང་ མི་དབང་རྒྱལ་སྲསམོ་ གཡུ་འཕེལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་དང་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་ གཞན་ཡང་ ཆེ་མཐོའི་དཔོན་ཁག་ཚུ་གིས་ཡང་ གྲལ་གཏོགས་མཛད་ནུག།
གལ་གནད་ཆེ་བའི་ སྨན་བཅོས་ཁང་དེ་ཡང་ གསོ་བའི་ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ རྒྱལ་ཡོངས་སྨན་བཅོས་ཞབས་ཏོག་ དེ་ལས་ རྒྱལ་ཡུམ་ཕན་བདེ་བློ་གཏད་ཚུ་ མཉམ་བསྡོམས་ཐོག་ལས་ བརྩོན་ཤུགས་ཀྱི་ གྲུབ་འབྲས་ཅིག་ཨིན་པའི་ཁར་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་ལུ་ཡོད་མི་ རྒྱལ་བཙུན་སི་རི་ཀིད་ ཨོམ་གྱི་ཀེན་སར་ལྟེ་བ་ལས་ གཏོང་ཕོད་ཅན་གྱི་ རྒྱབ་སྐྱོར་ཚུ་ཡང་ འབད་ཡོདཔ་ཨིན་པས།
ད་རེས་ ཨོམ་སྨན་བཅོས་ཁང་ གཞི་བཙུགས་འབད་མི་དེ་ འབྲུག་གི་གསོ་བའིརིམ་ལུགས་ནང་ ཨོམ་གྱི་ཀེན་སར་ སྡུག་སྦྱོང་གི་ གདོང་ལན་ལུ་ གཞི་སྒྱུར་གལ་ཅན་ཅིག་ཨིནམ་ད་ སྨན་བཅོས་ཁང་དེ་གིས་ འགོ་ཐོག་བརྟག་དཔྱད་ལས་ འགོ་བཟུང་སྟེ་ ངོས་འཛིན་འཁྲུལ་མེད་དང་ གཤག་བཅོས་ ཀེན་སར་གྱི་ སྨན་བཅོས་ཚུ་ ས་གོ་གཅིག་གི་ནང་ལས་ སྤྲོད་ནིའི་དོན་ལུ་ བཟོ་བསྒྲིག་འབད་ནུག།
སྨན་བཅོས་ཁང་དེ་ནང་ འོད་རླབས་དང་ གཤག་བཅོས་ ནད་བརྟག་ ཀེན་སར་སྨན་བཅོས་ཚུ་ནང་ སྦྱོང་བརྡར་ཚུ་ མཐིལ་ཕྱིན་འབད་མི་ མཁས་མཆོག་ཚུ་ཡོད་པའི་ནང་ལས་ཡང་ མང་ཤོས་ཅིག་གིས་ར་ སྦྱོང་བརྡར་ཚུ་ རྒྱལ་བཙུན་སི་རི་ཀིད་ ཨོམ་གྱི་ཀེན་སར་ལྟེ་བའི་ནང་འབད་ཡོདཔ་ད་ སྨན་བཅོས་ཀུན་ཚང་དཔེ་གཞི་དེ་གིས་ ནདཔ་ཚུ་ལུ་ གཙོ་བོར་བཟུང་སྟེ་ འབྲུག་གི་ཨམ་སྲུ་ཚུ་ལུ་ གཅིག་སྒྲིལ་ཅན་གྱི་ སྨན་བཅོས་ཚུ་ཡང་ འདྲ་མཉམ་དང་ སྤུས་ཚན་ཅན་སྦེ་ སྤྲོད་ནི་ཡོདཔ་ ངེས་གཏན་བཟོ་ཚུགས་ནི་ཨིན་པས།
སྨན་བཅོས་ཁང་དེ་ནང་ ནད་བརྟག་དང་ གཤག་བཅོས་ཀྱི་དོན་ལུ་ དེང་དུས་དང་བསྟུན་པའི་ འཕྲུལ་རིག་ཚུ་ཡོད་པའི་གྲས་ཁར་ ཨོམ་གྱི་འོད་རླབས་འཕྲུལ་ཆས་དང་ ལུང་ཕྱོགས་ནང་ འོད་རླབས་ཐོག་ལས་ དཔེ་ཚད་བཏོན་ནི་གི་ འཕྲུལ་ཆས་དང་པ་ དེ་ལས་ གཤག་བཅོས་ཀྱི་ ལམ་སྟོན་དོན་ལུ་ ནོར་འཁྲུལ་ཕྲ་བའི་ འོད་རླབས་དཔར་ཆས་ཚུ་ཡང་ཡོདཔ་སྦེ་བཀོད་ནུག།
དེ་བཟུམ་མའི་ ཡར་འཕེལ་ཚུ་གིས་ སྔ་གོང་ནད་བརྟག་དང་ སྨན་བཅོས་ཀྱི་ འཆར་གཞི་ཚུ་ ལེགས་སྒྱུར་གཏང་ཚུགསཔ་མ་ཚད་ སྨན་བཅོས་ཀྱི་ གྲུབ་འབྲས་ཚུ་ཡང་ ལེགས་ཤོམ་སྦེ་ བཏོན་ཚུགས་པའི་གཞི་ལུ་ འགྱུར་ནི་ཨིན་པས།
གསར་བཏོད་ལས་དོན་དེ་གིས་ རྒྱལ་ཁབ་ཕྱི་ནང་ ༢ ཀྱི་བར་ན་ མཉམ་འབྲེལ་ཚུ་ མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་ཚུགས་པའི་ བརྡ་མཚོན་སྟོན་དོ་ཡོདཔ་ད་ དེ་ཡང་ རྒྱལ་བཙུན་སི་རི་ཀིད་ ཨོམ་གྱི་ཀེན་སར་ལྟེ་བ་ལས་ གལ་ཆེ་བའི་ ལཱ་ཆས་དང་ ཁྱད་རིག་ལམ་སྟོན་ འཕྲོ་མཐུད་ཀྱི་ གྲོས་སྟོན་ཚུ་ལུ་བརྟེན་ཏེ་ཨིནམ་སྦེ་བཀོད་ནུག།
མཉམ་འབྲེལ་དེ་གི་དོན་ལུ་ རྒྱལ་ཡུམ་ཕན་བདེ་བློ་གཏད་ཀྱི་ཁ་ཐུག་ལས་ རྒྱལ་སྤྱི་དང་ རྒྱལ་ཡོངས་ཀྱི་ ཁེ་གྱོང་འབག་མི་ཚུ་ འགོ་འདྲེན་འཐབ་གནང་སྟེ་ གལ་གནད་ཆེ་བའི་ མཐུན་རྐྱེན་ཚུ་ སྦྱར་གནང་ཡོདཔ་ད་ སྨན་བཅོས་ཁང་དེ་ གྲ་སྒྲིག་གི་དོན་ལུ་ཡང་ ཐོན་ཁུངས་གཙོ་བོ་ཚུ་དང་ རྫོགས་ཆས་ཚུ་ འཚོལ་སྒྲུབ་མཛད་ཡོདཔ་ཨིན་པས།
དེ་ཡང་ གསོ་བའི་ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ སྨན་བཅོས་ཁང་དེ་ ཡུན་བརྟན་གྱི་དོན་ལུ་དམིགས་ཏེ་ སྨན་བཅོས་ཁང་དེ་ ད་སྟོ་ཡོད་མི་ གཞི་རྟེན་མཁོ་ཆས་དང་ ལམ་ལུགས་ནང་ འབྲེལ་མཐུན་འབད་ཡོདཔ་སྦེ་བཀོད་ནུག།
དེ་སྦེ་ ཆེད་དུ་དམིགས་པའི་ འབྲུག་གི་ཨོམ་གྱི་གསོ་བའི་མཐུན་རྐྱེན་དང་པ་སྦེ་ སྨན་བཅོས་ཁང་དེ་གིས་ སྨན་བཅོས་ཀྱི་ ལྕོགས་གྲུབ་ཡར་དྲག་བཟོཝ་མ་ཚད་ ཨམ་སྲུ་ལུ་ གསོ་བའི་སྐྱོང་བཞག་དང་ ཡོངས་ཁྱབ་ཅན་གྱི་ གསོ་བའི་སྐྱོང་བཞག་ལུ་ རྒྱལ་ཡོངས་ཀྱིས་ ཁས་ལེན་ཡོད་པའི་ བརྡ་མཚོན་ཡང་སྟོནམ་ཨིན་པས།
དེ་མ་ཚད་ ཕུགས་གཟིགས་ཅན་གྱི་ དབུ་ཁྲིད་འོག་ལུ་ གཞུང་སྒེར་མཉམ་འབྲེལ་དང་ རྒྱལ་སྤྱིའི་མཉམ་འབྲེལ་ཚུ་གི་སྒོ་ལས་ ཡུན་བརྟན་ཐོག་ལུ་ གསོ་བའི་དཀའ་ངལ་སེལ་ཐབས་ཚུ་ གསར་བཏོད་འབད་ཚུགས་པའི་ བརྡ་མཚོན་ཡང་སྟོནམ་ཨིན་པའི་གནས་ཚུལ།




Users Today : 689
Users Yesterday : 6933
This Month : 65058
This Year : 293899
Total Users : 1005715
Views Today : 7460
Total views : 2923879
Who's Online : 6