
བི་བི་སི།
ཡུ་ཨེཛ་དང་ རྒྱ་གར་ ༢ ཀྱི་བར་ན་ ཕྱིར་ཚོང་དང་ ནང་འདྲེན་གྱི་ ཁྲལ་ཚད་སྐོར་ལས་ ཁ་འཆམ་མ་ཚུགས་པར་ བདུན་ཕྲག་མང་རབས་ཅིག་ སོང་ཡོད་པའི་ དུས་སྐབས་ནང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊམ་གྱིས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་ལུ་ འཁྲུངས་སྐར་དུས་སྟོན་ ཐེངས་ ༧༥ པའི་ སྔ་གོང་ལས་ བཀྲིས་བདེ་ལེགས་ཀྱི་ བརྒྱུད་འཕྲིན་གནང་ནུག།
དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༡༧ ལུ་ སྲིད་འཛིན་ཊམ་གྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་ལེགས་ཤོམ་འགྱོ་ནི་གི་ རྟགས་མཚན་བཟུམ་ཅིག་ཡོདཔ་བཞིན་དུ་ བརྒྱུད་འཕྲིན་དེ་ རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་འབྲེལ་འགྲིག་ཆའི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།
དེ་གིཤུལ་ལས་ སྲིད་འཛིན་ཊམ་གྱིས་ མི་སྡེ་བརྡ་བརྒྱུད་ཨེགཛ་ནང་ བློན་ཆེན་མོ་དི་གིས་ ཕྱག་ལཱ་ཚུ་ ལེགས་ཤོམ་གནང་དོ་ཡོདཔ་སྦེ་ བཀོད་པའི་ཁར་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ དམག་འཁྲུག་འཇོམས་ཐབས་ལུ་ རྒྱབ་སྐྱོར་གནང་མི་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ཟེར་བཀོད་ནུག།
དེ་བཟུམ་སྦེ་ བློན་ཆེན་མོ་དི་གིས་ཡང་ ཁོང་ ༢ ཆ་རོགས་བཟུམ་ཅིག་འབདཝ་ལས་ མཉམ་འབྲེལ་གྱི་གནས་ཚད་དེ་ ཡར་དྲག་གཏང་ནི་ལུ་ ཁས་ལེན་ཡོད་ཟེར་ཨིན་པས།
ད་རེས་ ཡུ་ཨེཛ་དང་ རྒྱ་གར་གྱི་ དབུ་ཁྲིད་ ༢ ཀྱི་བར་ན་ བརྒྱུད་འཕྲིན་ཐོག་ལས་ གསུང་གྲོས་གནང་མི་དེ་ འདས་པའི་ཟླཝ་ནང་ ཡུ་ཨེཛ་གིས་ རྒྱ་གར་ལུ་ ཁྲལ་ཚད་བརྒྱ་ཆ་ ༥༠ རེ་ བཀལ་ནི་སྦེ་ གསལ་བསྒྲགས་འབད་བའི་ཤུལ་ལུ་ འགོ་དང་པ་ཨིནམ་སྦེ་བཀོད་ནུག།
ཁྲལ་ཚད་ཡར་སེང་ལུ་བརྟེན་ཏེ་ སྤྱི་ཟླ་ ༨ པའི་ནང་ རྒྱ་གར་གྱིས་ ཡུ་ཨེཛ་ལུ་ ཅ་ཆས་ཕྱིར་ཚོང་གི་ ཚད་གཞི་དེ་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༦.༨༦ ལུ་ མར་བབས་སོང་ཡོདཔ་ད་ སྤྱི་ཟླ་ ༧ པའི་ནང་འབད་བ་ཅིན་ ཕྱིར་ཚོང་དེ་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༨.༠༡ ལུ་ གནས་ཡོདཔ་སྦེ་ཨིན་པས།
འདས་པའི་བདུན་ཕྲག་ནང་ སྲིད་འཛིན་ཊམ་གྱིས་ ཡུ་རོབ་མཐུན་ཚོགས་ལུ་ རྒྱ་གར་དང་ རྒྱ་ནག་ལུ་ ཁྲལ་ཚད་བརྒྱ་ཆ་ ༡༠༠ གུ་ ཡར་སེང་འབད་དགོ་པའི་ ནན་སྐུལ་འབད་ཡོདཔ་ལས་ ད་རེས་ ཡུ་ཨེཛ་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གསུང་གྲོས་དེ་ ལེགས་ཤོམ་འགྱོ་བའི་ རེ་བ་ཡོད་རུང་ ཁྲལ་ཚད་ཀྱི་སྐོར་ལས་ རྒྱབ་བཤུད་མིན་འདུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 2682
Users Yesterday : 3320
This Month : 93126
This Year : 389092
Total Users : 1100908
Views Today : 4389
Total views : 3075449
Who's Online : 15