ཀྲོང་གསར་ནུབ་སྦྱིས་-སྟང་སི་སྦྱིས་ འདེམས་ཁོངས་ལས་ སྤྱི་ཚོགས་ཀྱི་ འཐུས་མི་གསརཔ་གིས་ ཁས་བླངས་དམ་བཅའ།

སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ ཀྲོང་གསར་རྫོང་ཁག་ ནུབ་སྦིས་-སྟང་སི་སྦྱིས་ འདེམས་ཁོངས་ལས་ བཙག་འཐུ་གྲུབ་མི་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་གསརཔ་ ཕུན་ཚོགས་དོན་གྲུབ་ཀྱིས་ སྤྱི་ཟླ་ ༩ པའི་ཚེས་ ༡༩ ལུ་ སྤྱི་ཚོགས་འཐུས་མིའི་ ཁས་བླངས་དམ་བཅའ་ ཞུ་ཡོདཔ་ཨིན་པས།
དེ་ཡང་ འབྲུག་གི་ཁྲིམས་སྤྱི་བློན་པོ་གིས་ འགོ་འདྲེན་འཐབ་གནང་ཡོདཔ་ད་ དུས་དེ་ལས་ འགོ་བཟུང་སྟེ་ སྤྱི་ཚོགས་ ༤ པའི་ནང་ ཆེད་བསྟོད་ཅན་གྱི་ སྤྱི་ཚོགས་ཀྱི་ འཐུས་མི་དེ་གི་ ཡིག་ཚང་གི་དུས་ཡུན་ འགོ་བཙུགས་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
དེ་གི་ཧེ་མར་ འཐུས་མི་དེ་གིས་ བཙག་འཐུ་གྲུབ་པའི་ ལག་ཁྱེར་དེ་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་ལུ་ ཕུལ་བའི་ཤུལ་ལས་ མི་རྗེ་ཚོགས་དཔོན་གྱི་ སྐུ་མདུན་ལུ་བཅར་ནུག།
འཐུ་མི་དེ་གིས་ ཁས་བླངས་དམ་བཅའ་ ཞུ་བའི་སྐབས་ལུ་ མི་རྗེ་ཚོགས་དཔོན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ དེ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་དང་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ཡང་ གྲལ་གཏོགས་མཛད་ཡོདཔ་ཨིན་པས།
སྤྱི་ཚོགས་ཀྱི་ ལམ་ལུགས་དང་འཁྲིལ་ཏེ་ སྤྱི་ཚོགས་ཀྱི་ འཐུས་མིའི་བརྡ་མཚོན་ལུ་ དཔའ་རྟགས་དང་ ན་བཟའ་ཚུ་བཞེས་ཏེ་ ཁས་བླངས་དམ་བཅའ་ ཞུ་བའི་ཤུལ་ལས་ ཐོ་དེབ་ནང་ མཚན་རྟགས་བཀོད་དེ་ བླམ་སྲུང་འཁོརཔ་ལས་ མནའ་ཆུ་ཞུ་ནུག།
ཁས་བླངས་དམ་བཅའ་དེ་གིས་ འབྲུག་གི་དམངས་གཙོའི་རིང་ལུགས་ལུ་ ཁས་ལེན་བསྐྱར་གསོའི་ཐོག་ལས་ རྒྱལ་ཡོངས་ཚོགས་འདུའི་ནང་ ནུབ་སྦིས་-སྟང་སི་སྦྱིས་ འདེམས་ཁོངས་ཀྱི་ མི་སེར་ཚུ་གི་ ངོ་ཚབ་འཕྲོ་མཐུད་ ངེས་གཏན་བཟོ་ཡོད་པའི་གནས་ཚུལ།

Please follow and like us: