ཕི་ལི་པིན་ རྒྱལ་ཁབ་ནང་ ས་ཡོམ་རྐྱབ་ཡོདཔ་ལས་ མི་གྲངས་ ༦༩ ལུ་ ཤི་རྐྱེན་དང་ ༡༠ དེ་ཅིག་ལུ་རྨ་སྐྱོན།

བི་བི་སི།

སྤྱི་ཟླ་ ༩ པའི་ཚེས་ ༣༠ གི་ཕྱི་རོ་ ཕི་ལི་པིན་གྱི་ དབུས་ཕྱོགས་ལུ་ ས་ཡོམ་ཤུགས་ཚད་ མེག་ནེ་ཅཱུཌ་ ༦.༩ འབད་མི་ཅིག་ རྐྱབ་ཡོདཔ་ལས་ མི་གྲངས་ ༦༩ ལུ་  ཤི་རྐྱེན་དང་ ༡༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།

དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡ གི་དྲོ་པར་ སེ་བུ་མངའ་སྡེའི་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་ཡོམ་དེ་གིས་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ ནུབ་མོར་ཁྲོམ་ལམ་བདའ་སྟེ་ སྡོད་དགོཔ་བྱུང་ཡི་ཟེར་ཨིན་པས།

དེ་མ་ཚད་ གློག་མེ་དང་ ཆུ་བཀྲམ་སྤེལ་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་ད་ ས་ཡོམ་དེ་ཡང་ རྒྱལ་ཁབ་ནང་ རླུང་འཚུབ་ཀྱིས་ མི་གྲངས་ ༡༢ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ བདུན་ཕྲག་ ༡ ལྷགཔ་ཅིག་གི་ཤུལ་ལས་ར་ རྐྱབ་ཡོདཔ་སྦེ་བཀོད་ནུག།

གནོད་སྐྱོན་དེ་ མང་ཤོས་ཅིག་ར་ ཕི་ལི་པིན་གྱི་ དབུས་ཕྱོགས་ལུ་ཡོད་མི་ ཝི་ས་ཡཛ་ མཚོ་གླིང་སྦོམ་ཤོས་ཀྱི་ ཁྲོམ་ཆུང་ཀུ་ཅིག་ཨིན་མི་ བོ་གོ་ཁྲོམ་ཁ་ལུ་ བྱུང་ཡོདཔ་ད་ ལུང་ཕྱོགས་དེ་ཡང་ ས་ཡོམ་ལྟེ་བའི་ ཉེ་འདབས་ལུ་ཡོདཔ་ཨིན་པས།

ས་གནས་གཞུང་གི་ དབང་འཛིན་ཚུ་གིས་ རྨ་སྐྱོན་བྱུང་མི་ཚུ་ལུ་ སྨན་བཅོས་འབད་ནིའི་དོན་ལས་ སྨན་བཅོས་ལུ་ ཉམས་མྱོང་ཡོད་མི་ ཁས་བླངས་པ་ཚུ་གིས་ རྒྱབ་སྐྱོར་འབད་དགོ་པའི་ ཞུ་བ་ཡང་འབད་ནུག།

ས་ཡོམ་དེ་གིས་ འཁོར་ལམ་ཚུ་དང་ ཟམ་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་ལས་ གློ་བུར་གྱི་ ཞབས་ཏོག་ཚུ་ བྱིན་ནི་ལུ་ ཐོ་ཕོག་པའི་ཁར་ ས་གནས་མང་ཤོས་ཅིག་ནང་ གློག་མེའི་ཐགཔ་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: