མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ད་ས་ཡིན་ བརྩི་སྲུང་ཞུ་སར་དབུ་བཞུགས།

པདྨ་དབང་འདུས།

རང་ཟླ་ ༨ པའི་ཚེས་ ༡༠ སྤྱི་ཟླ་ ༡༠ པའི་ཚེས་ ༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དེ་ཝི་པཱན་ཅ་ཡཱན་ ཧིན་དུའི་ལྷ་ཁང་ནང་ མི་སེར་བརྒྱ་ལས་བཅད་དེ་ འཛོམས་ཡོད་མི་ཚུ་དང་གཅིག་ཁར་ ལྷ་མོ་རྫོང་གཉེར་མའི་དུས་སྟོན་ ད་ས་ཡིན་ བརྩི་སྲུང་ཞུ་སར་ དབུ་བཞུགས་ཐོག་ལུ་ ཊི་ཀ་གནང་སྟེ་ ཐུགས་སྨོན་ཚུ་ཡང་གནང་ནུག།

ད་ས་ཡིན་ དུས་སྟོན་དེ་ འབྲུག་གི་ཧིན་དུའི་ མི་སྡེ་ཚུ་གིས་ གལ་གནད་ཆེ་བའི་ དུས་སྟོན་ཅིག་སྦེ་ བརྩི་སྲུང་ཞུ་དོ་ཡོདཔ་ད་ དུས་སྟོན་དེ་གི་སྐབས་ལུ་ བཟའ་ཚང་ཚུ་ གཅིག་ཁར་འཛོམས་ཏེ་ རང་སོའི་ཕམ་དང་ རྒན་རྒས་ཚུ་ལས་ ཊི་ཀ་དང་ ཕྱག་དབང་ཚུ་ ཞུ་སྲོལ་ཡོདཔ་ཨིན་པས།

དུས་སྟོན་དེ་ བཟང་པོ་གིས་ངན་པ་ལས་ རྣམ་པར་རྒྱལ་བའི་ དུས་སྟོན་ཅིག་ཨིན་མི་དེ་ཡང་ ལྷ་ཁྱབ་འཇུག་གི་རྣམ་སྤྲུལ་ ཆོས་རྒྱལ་དགའ་བྱེད་ཀྱིས་ བདུད་རྒྱལ་ལངྐ་མགྲིན་བཅུ་ལས་ རྒྱལ་ཁ་ཐོབ་པའི་ བརྡ་མཚོན་སྟོན་དོ་ཡོདཔ་སྦེ་བཀོད་ནུག།

དེ་འབདཝ་ལས་ མི་དབང་མངའ་བདག་མིན་པོ་ཆེ་མཆོག་ ཆོས་རྒྱལ་དགའ་བྱེད་ཀྱི་ གཟུགས་སུ་བྱོན་པའི་ ལྷ་ཁྱབ་འཇུག་གི་ངོ་བོ་སྦེ་ མི་སེར་ཚུ་གི་དོན་ལུ་ བྱིན་རླབས་མཆོག་འགྱུར་གྱི་ སྲུང་སྐྱོབ་མཛད་གནང་མི་སྦེ་ བརྩི་སྲོལ་ཡོདཔ་ཨིན་པས།

ཧི་དུའི་མི་སྡེ་ཚུ་གི་དོན་ལུ་ དུས་སྟོན་དེ་ཁར་ གོ་དོན་གཏིང་ཟབ་དྲགས་ཡོདཔ་མ་ཚད་ མི་སྡེ་དང་ བཟའ་ཚང་ དེ་ལས་ མི་དབང་མངའ་ཞབས་མཆོག་དང་ མི་སེར་  ཕམ་དང་ ཨ་ལོ་ཡོངས་ཀྱི་བར་ན་ མི་རབས་ལས་ མི་རབས་བརྒྱུད་པའི་ འབྲེལ་མཐུན་དམ་ཟབ་བཟོ་བའི་ རྟགས་དང་རྟེན་འབྲེལ་གྱི་ བརྡ་མཚོན་ཁྱད་པར་ཅན་གྱི་ དུས་སྟོན་ཅིག་ཨིན་པའི་གནས་ཚུལ།

Please follow and like us: