ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ཧོངས་ལས་ དམག་འཐབ་འབད་མི་ རྒྱ་གར་གྱི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ།

ཨེན་ཌི་ཊི་ཝི།

སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ ཨེན་ཌི་ཊི་ཝི་ གནས་ཚུལ་ཅིག་ནང་ ར་ཤི་ཡའི་ཧོངས་ལས་ དམག་འཐབ་འབད་མི་ རྒྱ་གར་གྱི་ མི་ཁུངས་ཨིན་པའི་ ཡིད་ཆེས་ཡོད་མི་ སྐྱེས་ལོ་ ༢༢ འབད་མི་ ཕོ་སྐྱེས་ཅིག་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ འཛིན་བཟུང་འབད་ཡོདཔ་སྦེ་བཀོད་ནུག།

དེ་ཡང་ ཡུ་ཀེ་རེན་གྱིས་ བརྡ་བརྒྱུད་ཚུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་ རྒྱ་གར་གུ་ཇ་རཱཊ་གྱི་ ས་གནས་མོར་བཱི་ལུ་ གནས་སྡོད་འབད་མི་ མ་ཇོ་ཊི་ སཱ་ཧིལ་ མོ་ཧ་མཱད་ ཧུ་སེན་ཟེར་མི་དེ་ཨིནམ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ རྒྱ་གར་གྱི་ དབང་འཛིན་ཚུ་གིས་ བདེན་དཔྱད་ཀྱི་ ལཱ་ཚུ་འབད་དོ་ཟེར་ཨིན་པས།

རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ གནད་དོན་དེ་གི་སྐོར་ལས་ བདེན་དཔྱད་ཚུ་འབད་བའི་བསྒང་ཡོད་རུང་ ཡུ་ཀེ་རེན་ལས་ གཞུང་འབྲེལ་གྱི་ བརྡ་ལན་ཅིག་ ག་ནི་ཡང་ མ་ཐོབ་ཟེར་བཀོད་ནུག།

ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ཧུ་སེན་ཟེར་མི་ ཕོ་སྐྱེས་དེ་ ར་ཤི་ཡ་ལུ་ གཙུག་ལག་སློབ་སྡེ་ཅིག་ནང་ ཤེས་ཡོན་ལྷབ་སྦྱང་གི་དོན་ལས་ འགྲུལ་བསྐྱོད་འབད་མི་ཅིག་ཨིན་རུང་ ར་ཤི་ཡའི་ དམག་སྡེ་གིས་ ཡུ་ཀེ་རེན་དང་གཅིག་ཁར དམག་འཐབ་འབད་མི་སྦེ་ ཐོ་བཀོད་འབད་ནུག་ཟེར་ཨིན་པས།

ཧུ་སེན་དེ་ ཡུ་ཀེ་རེན་གྱི་ འཕྲུལ་སྒྱུར་དམག་སྡེ་ ༦༣ པ་གིས་ འཛིན་བཟུང་འབད་ཡོདཔ་ད་ དམག་སྡེ་དེ་གིས་ བཟོ་ཡོད་མི་ བརྙན་འཕྲིན་ནང་ ཁོ་ལུ་ ར་ཤི་ཡ་ལུ་ སྨྱོ་རྫས་དང་འབྲེལ་བའི་ ཉེས་འཛུགས་འབད་དེ་ ལོ་ངོ་ ༧ གྱི་ བཙོན་ཁྲིམས་ཕོག་ཡོདཔ་སྦེ་སླབ་ནུག།

དེ་འབདཝ་ལས་ བཙོན་ཁྲིམས་དེ་ འཕྲོ་མཐུད་དེ་ མི་ཕོག་ནིའི་དོན་ལུ་ ར་ཤི་ཡའི་ དམག་སྡེའི་ནང་ འཛུལ་ནི་གི་ གོ་སྐབས་བྱིན་ཡོདཔ་ལས་ གོ་སྐབས་དེ་ ཁོ་གིས་ ལེན་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: