
པདྨ་དབང་འདུས།
སྤྱི་ཟླ་ ༡༠ པའི་ཚེས་ ༢༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ མཐའ་ཡས་ལེན་གྱི་ མི་དབང་རྒྱལ་ཡུམ་ཞིང་གཤེགས་ སི་རི་ཀིཊ་མཆོག་ལུ་ གུས་བཏུད་དང་ མཐའ་ཡས་ལེན་གྱི་ རྒྱལཔོ་མཆོག་ལུ་ ཐུགས་གསོ་གནང་ནིའི་དོན་ལས་ མཐའ་ཡས་ལེན་ལུ་ ཆིབས་བསྐྱོད་གནང་ཡོདཔ་ཨིན་པས།
མི་དབང་མངའ་ཞབས་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ཕོ་བྲང་ཆེན་མོའི་ནང་ དུ་སིད་མ་ཧ་པར་སཱཐ་ གསེར་ཁྲི་ཁང་བཟང་ནང་ རྒྱལ་འཛིན་སྤུར་ཐལ་བུམ་པའི་ སྐུ་མདུན་ལུ་ མེ་ཏོག་གི་ ཕྲེང་བ་ཕུལ་གནང་སྟེ་ ཐུགས་གསོའི་དཔེ་དེབ་ནང་ མཚན་རྟགས་བཀོད་གནང་ནུག།
དེ་ཚེ་ཕྱི་རུ་ མི་དབང་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་དང་ སྐུ་འཁོར་ལྷན་རྒྱས་ཚུ་དང་གཅིག་ཁར་ ཞིང་གཤེགས་རྒྱལ་ཡུམ་མཆོག་ལུ་ ཚོགས་བསགས་སྨོན་ལམ་གནང་སར་ བྱོན་གནང་ཡོདཔ་ཨིན་པས།
མཐའ་ཡས་ལེན་གྱི་ མི་དབང་རྒྱལ་ཡུམ་ སི་རི་ཀིད་མཆོག་ དགུང་ལོ་ ༩༣ བཞེས་པའི་ སྤྱི་ཟླ་ ༡༠ པའི་ཚེས་ ༢༤ ལུ་ གཤགས་ཡོདཔ་ད་ མཐའ་ཡས་ལེན་ རྒྱལ་ཁབ་ནང་ མྱ་ངན་བརྩི་སྲུང་ཞུ་དོ་ཡོདཔ་ད་ མི་དབང་རྒྱལ་ཡུམ་ཞིང་གཤེགས་མཆོག་གིས་ སྐུ་ཚེ་གཅིག་གི་རིང་ལུ་ མཐའ་ཡས་ལེན་གྱི་ མི་སེར་ཚུ་ལུ་ ག་ཅི་གི་ཐེད་ལས་ཡང་ འབྱམས་བརྩེའི་ཐུགས་ཀྱི་སྒོ་ལས་ བསྐྱངས་གནང་ནུག།
ད་རེས་ མི་དབང་མངའ་བདག་རིན་པོ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ མཐའ་ཡས་ལེན་ལུ་ ཐུགས་གསོའི་དོན་ལས་ ཆིབས་བསྐྱོད་གནང་མི་དེ་གིས་ རྒྱལ་ཁབ་གཉིས་ཀྱི་ སྐུ་འཁོར་ལྷན་རྒྱས་ཚུ་གི་བར་ན་ མཐུན་ལམ་དམ་ཟབ་དང་ ཡུན་དུ་གནས་པའི་ བརྩི་བཀུར་དང་ ལེགས་སྨོན་གྱི་ བརྡ་མཚོན་སྟོན་ཡོད་པའི་གནས་ཚུལ།





Users Today : 724
Users Yesterday : 1351
This Month : 42283
This Year : 222186
Total Users : 934002
Views Today : 1515
Total views : 2724022
Who's Online : 15