མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་ ༧༠ བཞེས་པའི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་།

མགོན་པོ་རྡོ་རྗེ།

རང་ཟླ་ ༩ པའི་ཚེས་ ༢༢ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ དཔལ་ལྡན་འབྲུག་པའི་ དབང་ཕྱུག་བརྒྱུད་འཛིན་གྱི་ ཆོས་ཀྱི་རྒྱལ་པོ་བཞི་པ་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ དགུང་ལོ་ ༧༠ བཞེས་པའི་ དུས་ཆེན་ཁྱད་པར་ཅན་གྱི་ དགའ་སྟོན་རྟེན་འབྲེལ་འདི་ འབྲུག་མི་ཡོངས་ཀྱིས་ སྐུ་ཚེ་ཞབས་པད་བརྟན་པའི་ སྨོན་འདུན་དང་བཅསཔ་སྦེ་ བརྩི་སྲུང་ཞུ་ཡི།

དེ་ཡང་ མི་དབང་ཡབ་མེས་སྲས་ ༣ རང་ལུགས་ཆིབས་གྲལ་ཐོག་ལས་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ གདན་འདྲེན་ཞུ་བའི་ཤུལ་ལུ་ འབྲུག་གི་རྒྱལ་དར་ཆེན་མོ་ དགུང་དབྱིངས་ལུ་འཕྱར་ཏེ་ མར་ཆང་རྟེན་འབྲེལ་དང་ དྲག་ཁག་ ༣ གྱི་ དམག་མི་དང་ བདེ་སྲུང་ རྒྱལ་སྲུང་ སི་ཀ་འུཊ་ཚུ་གིས་ མངའ་བདག་སྟི་སྭ་ ཞུ་བའི་ཁར་ གླུ་གར་གྱི་ མཆོད་པ་སྣ་ཚོགས་ཡང་ སྤྱན་འབུལ་ཞུ་ཐོག་ལས་ དགའ་སྟོན་རྟེན་འབྲེལ་འདི་ ག་ནི་བ་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ བརྩི་སྲུང་ཞུ་ཡོདཔ་ཨིན།

ཅང་གླིང་མའི་ཐང་གི་ དགའ་སྟོན་རྟེན་འབྲེལ་ནང་ དཔས་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ མི་དབང་རྒྱལ་ཡུམ་ལྷན་རྒྱས་རྣམ་བཞི་ མི་དབང་སྲས་སྲོས་ མི་དབང་སྐུ་འཁོར་ཚུ་གིས་ དབུ་གཙོས་པའི་ རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ བླ་སློབ་ཚུ་དང་ ཕྱི་རྒྱལ་ཁག་གི་ དོན་གཅོད་སྐུ་ཚབ་ དེ་ལས་ མི་སེར་ཁྲི་ཕྲག་དང་བཅས་པ་གིས་ གྲལ་བཞུགས་མཛད་ཅི།

དེ་མ་ཚད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ བཀྲ་ཤིས་ལེགས་སྨོན་ ཞུ་ནིའི་དོན་ལས་ འབྲུག་གི་མཛའ་བཤེས་རྒྱལ་ཁབ་ རྒྱ་གར་གྱི་བློན་ཆེན་ ཤྲཱི་ན་རེན་ད་ར་ མོ་དི་མཆོག་ཡང་ དམིགས་བསལ་གྱི་ སྐུ་མགྲོན་སྦེ་ བྱོན་གནང་མི་དེ་ རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་བར་ན་ བྱམས་བརྩེ་སྦོམ་ཡོད་པའི་ བརྡ་མཚོན་ཨིན་པས།

ང་བཅས་རའི་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་ཆེད་འདི་ རྒྱལ་ཁབ་ནང་འཁོད་ལུ་མ་ཚད་ ཕྱི་རྒྱལ་ཁག་ལུ་ཡོད་མི་ སྐུ་ཚབ་ལས་ཁང་ཚུ་གི་ནང་ཡང་ མི་དབང་མཆོག་ སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཏེ་ འབྲུག་མི་ཡོངས་ཀྱི་ སྐྱབས་མགོན་ལུ་བཞུགས་པའི་ བཀྲ་ཤིས་སྨོན་ལམ་དང་ དགའ་མགུ་སྤྲོ་གསུམ་གྱི་ངང་ལས་ བརྩི་སྲུང་ཞུ་ཡོད་པའི་གནས་ཚུལ།

Please follow and like us: