
པདྨ་དབང་འདུས།
མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ མགྲོན་བརྡ་གནང་ཡོདཔ་བཞིན་དུ་ རྒྱ་གར་གྱི་བློནཆེན་ ན་རེན་ད་ར་ མོ་དི་མཆོག་ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལས་ ༡༢ ཚུན་ ཉིན་གྲངས་ ༢ ཀྱི་དོན་ལས་ འབྲུག་ལུ་ གཞུང་འབྲེལ་གཟིགས་སྐོར་གནང་པར་བྱོན་ཡི།
དེ་ཡང་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་ཅིག་དང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ ཅང་གླིང་མའི་ཐང་ནང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་ ༧༠ བཞེས་པའི་ འཁྲུངས་སྐར་དུས་ཆེན་ བརྩི་སྲུང་ཞུ་སར་ ཆེད་བསྟོད་ཀྱི་ སྐུ་མགྲོན་སྦེ་ གྲལ་གཏོགས་མཛད་ནི་དང་གཅིག་ཁར་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོའི་ནང་ཡང་ གྲལ་གཏོགས་མཛད་ཅི་ཟེར་ཨིན་པས།
དུས་སྟོན་དེ་ནང་ ཐིམ་ཕུ་ལུ་ རྒྱ་གར་ལས་ གདན་འདྲེན་ཞུ་སྟེ་ཡོད་མི་ སྟོན་པ་བཅོམ་ལྡན་འདས་ཀྱི་ རིང་བསྲེལ་བྱིན་ལྡན་ཚུ་ མཇལ་ཁ་གནང་ནི་གི་ གོ་སྐབས་གནང་མི་ལུ་ཡང་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཐུགས་ངལ་རངས་ཡོད་ལུགས་ གསུངས་གནང་ནུག།
བློན་ཆེན་མོ་དི་གིས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་མ་ཚད་ འབྲུག་གི་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་དང་གཅིག་ཁར་ཡང་ མཇལ་ཕྲད་མཛད་དེ་ ཟུང་ཕྱོགས་དང་ ལུང་ཕྱོགས་ དེ་ལས་ རྒྱལ་སྤྱིའི་གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།
མི་དབང་ཞབས་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ལུ་ རྒྱ་གར་དིལླི་ལུ་ རྫས་བམ་འགས་པའི་ རྐྱེན་ངན་ནང་ མི་ལུ་ཤི་རྐྱེན་དང་ རྨ་སྐྱོན་ཚུ་ བྱུང་ཡོད་མི་ལུ་ འབྲུག་གཞུང་དང་ མི་སེར་གྱི་ཁ་ཐུག་ལས་ ཐུགས་ཕམ་ཡོད་ལུགས་དང་ རྨ་སྐྱོན་བྱུང་མི་ཚུ་ འཕྲལ་མགྱོགས་ར་ དྲག་ཚུགས་པའི་ ཐུགས་སྨོན་ཡོད་ལུགས་ཚུ་ཡང་ གསུངས་གནང་ནུག།
བློན་ཆེན་མོ་དི་མཆོག་གིས་ དཔལ་འབྱོར་ལྷན་ཐབས་ལས་རིམ་བརྩིས་ཏེ་ འབྲུག་གི་ལོ་ལྔའི་འཆར་གཞི་ ༡༣ པའི་དོན་ལུ་ གཡོ་བ་མེད་པའི་ རྒྱབ་སྐྱོར་ཡོད་ཟེར་ཨིནམ་ད་ འབྲུག་གི་ལས་སྡེ་ཁག་མ་འདྲཝ་ཚུ་ནང་ གོང་འཕེལ་གྱི་ གཙོ་རིམ་ཚུ་ བསྒྲུབ་ནི་ལུ་ གྲོགས་རམ་གང་དྲག་འབད་ནི་གི་ ཁས་ལེན་ཡང་ཡོད་ཟེར་ཨིན་པས།
འབྲུག་གི་ཁ་ཐུག་ལས་ འབྲུག་རྒྱལ་ཁབ་མཐའ་དབུས་མེད་པའི་ ས་ཁོངས་ཚུ་གི་ནང་ ལག་ལེན་འཐབ་པའི་བསྒང་ཡོད་མི་ གོང་འཕེལ་ལས་འགུལ་ཚུ་ལུ་ གྲོགས་རམ་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ཡང་ གསུངས་ཡོདཔ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དེ་མ་ཚད་ བློན་ཆེན་མོ་དི་གིས་ མི་དབང་མངའ་བདག་རྒྱལ་པོའི་ ཐུགས་ཀྱི་དགོངས་འཆར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ འགྲུབ་ནི་ལུ་ཡང་ རྒྱབ་སྐྱོར་ཧྲིལ་བུར་ཡོད་ཟེར་ཨིནམ་ད་ དེ་ཡང་ ཨ་སཱམ་ཧ་ཏི་ས་ལུ་ ཕྱི་མི་ནང་བསྐྱོད་ཀྱི་ ཞིབ་དཔྱད་སྒོ་ར་ཅིག་ གཞི་བཙུགས་འབད་ནི་ཨིནམ་ལས་ དགེ་ལེགས་ཕུག་ལུ་ སྒུལ་བསྐྱོད་དང་ མ་རྩ་གཞི་བཙུགས་ལུ་ ལྷན་ཐབས་ལུ་ཨིནམ་སྦེ་ གསུངས་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ཚུ་ བཟོ་བསྐྲུན་གྱི་དོན་ལས་ རྒྱ་གར་གྱིས་ རྒྱབ་སྐྱོར་འབད་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ཡང་ གསུངས་གནང་ནུག།
རྒྱ་གར་གྱི་ བློན་ཆེན་མཆོག་གིས་ འབྲུག་ལུ་ གཟིགས་སྐོར་གནང་མི་དང་འབྲེལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མཉམ་འབྲེལ་ཐོག་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ བཀྲིས་ཆོས་རྫོང་ནང་ སྟོན་པའི་རིང་བསྲེལ་གྱི་ སྐུ་མདུན་ལུ་སྦེ་ གློག་མེ་ག་ཝཱཊ་ ༡༠༢༠ འབད་མི་ སྤུ་ན་གཙང་ཆུ་ ༢ པའི་ གློག་མེ་ལས་འགུལ་གྱི་ འགོ་འབྱེད་རྟེན་འབྲེལ་ཡང་ མཛད་གནང་ཡོདཔ་ཨིན་པས།
གློག་མེ་ལས་འགུལ་དེ་ནང་ལས་ རྒྱ་གར་ལུ་ གློག་མེ་ཕྱིར་ཚོང་འཐབ་ནི་ འགོ་བཙུགས་ནི་ཨིནམ་ད་ དབུ་ཁྲིད་ ༢ ཀྱི་བར་ན་ གློག་མེ་ག་ཝཱཊ་ ༡༢༠༠ འབད་མི་ སྤུ་ན་གཙང་ཆུ་ ༡ པའི་ གློག་མེ་ལས་འགུལ་གྱི་ ཆུ་མཛོད་གཙོ་བོའི་ལཱ་ཚུ་ ལོག་འགོ་བཙུགས་ཏེ་ གང་མགྱོགས་མཇུག་བསྡུ་ནིའི་དོན་ལུ་ཡང་ ཞལ་འཆམ་བྱུང་ནུག།
ལས་འགུལ་དེ་ མཇུག་བསྡུ་བའི་བསྒང་ལས་ རྒྱ་གར་དང་ འབྲུག་གཞུང་ ༢ མཉམ་འབྲེལ་ཐོག་ལས་ གོང་འཕེལ་བཏང་མི་འདི་ ཆུར་བརྟེན་ནུས་ཤུགས་ཀྱི་ ལས་འགུལ་སྦོམ་ཤོས་ཅིག་ འོང་ནི་ཨིན་པས།
རྒྱལ་ཁབ་གཉིས་ཆ་ར་གིས་ འབྲུག་གི་ཆུར་བརྟེན་ནུས་ཤུགས་ལས་འགུལ་ཚུ་ནང་ རྒྱ་གར་གྱི་ ལས་སྡེ་ཚུ་གིས་ གྲལ་གཏོགས་འབད་ནི་དེ་ ག་ནི་བ་ཡང་ ལེགས་ཤོམ་ཨིན་པའི་ཁ་ལུ་ རྒྱ་གར་གཞུང་གིས་ འབྲུག་གི་ནུས་ཤུགས་ལས་འགུལ་ཚུ་གི་དོན་ལས་ སྐྱེད་ཆུང་སྐྱིན་འགྲུལ་ རུ་པི་ཐེར་འབུམ་ ༤༠ བྱིན་ནི་སྦེ་ གསལ་བསྒྲགས་འབད་མི་ལུ་ཡང་ ངལ་རངས་ཡོདཔ་སྦེ་བཀོད་ནུག།
དེ་མ་ཚད་ མཐུན་འབྲེལ་ལེགས་སྒྱུར་གྱི་དོན་ལུ་ ས་མཚམས་བདའ་སྟེ་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ཚུ་བརྩིས་ཏེ་ གཞི་རྟེན་མཁོ་ཆས་ཚུ་ཡང་ ཡར་དྲག་གཏང་དགོཔ་ གལ་ཆེ་བའི་སྐོར་ལས་ གསུང་གྲོས་གནང་ཡོདཔ་ད་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༡ པའི་ནང་ ད་རང་ག་ ཕྱི་མི་ནང་བསྐྱོད་ཞིབ་དཔྱད་སྒོ་ར་དང་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༣ པའི་ནང་ ཇོ་གི་གོ་ལ་ལུ་ ནང་འཁོད་ཆུ་ཐོག་སྐྱེལ་འདྲེན་དང་ ཐབས་ལམ་སྣ་མང་གླིང་ག་ཚུ་ གཞི་བཙུགས་འབད་མི་ལུ་ཡང་ ངལ་རངས་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༩ པའི་ནང་ དགེ་ལེགས་ཕུག་དང་ ཀོག་ར་ཇར་གི་བར་ན་དང་ བསམ་རྩེ་དང་ བཱ་ན་ར་ཧཱཊ་གི་བར་ན་ རེལ་ལིའི་མཐུད་སྦྲེལ་ གཞི་བཙུགས་ཀྱི་ གོ་དོན་ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་དང་ ལས་འགུལ་དེ་ ལག་ལེན་གྱི་དོན་ལུ་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་མི་ཚུ་ལུ་ཡང་ ངལ་རངས་ཡོད་ལུགས་ཚུ་ བཤད་ཡོདཔ་སྦེ་བཀོད་ནུག།
འབྲུག་གི་དོན་ལུ་ རྒྱ་གར་གཞུང་གིས་ ཉེར་མཁོའི་ཅ་ཆས་དང་ སྨན་ལུད་ཚུ་ ཐོགས་ཆག་མེད་པར་ བཀྲམ་སྤེལ་འབད་ནི་གི་ འགྲིག་ཆ་བཟོ་ཡོདཔ་བཞིན་དུ་ སྨན་ལུད་ཤོ་ཐེངས་དང་པ་དེ་ འབྲུག་ལུ་ ལྷོད་ཡོདཔ་ད་ ཚན་རིག་དང་ འཕྲུལ་རིག་ བཟོ་རིག་ རྩིས་རིག་ཚུ་དང་ ཕིན་ཊེག་འཕྲུལ་རིག་ མཁའ་དབྱིངས་རིག་པ་ཚུ་ནང་ ཡིད་ཆེས་འདྲོངས་པའི་ མཉམ་འབྲེལ་དང་ འབྲུག་པའི་མི་སེར་ཚུ་ རྒྱ་གར་ལུ་ བལྟ་བཤལ་ལུ་ འགྱོ་མི་ཚུ་གི་དོན་ལས་ དངུལ་བརྒྱུད་སྤེལ་ཚུ་ བྱ་སྟབས་བདེ་ཏོག་ཏོ་ བཟོ་ཡོད་མི་ལུ་ཡང་ ངལ་རངས་ཡོད་ཟེར་ཨིན་པས།
དེ་ལས་ རྒྱལ་པོའི་ཁབ་ལུ་ འབྲུག་པའི་ལྷ་ཁང་གི་ རབ་གནས་དང་ ཝ་ར་ཎ་སི་ལུ་ཡང་ འབྲུག་པའི་ལྷ་ཁང་དང་ མགྱོན་ཁྱིམ་བཟོ་བསྐྲུན་གྱི་དོན་ལུ་ རྒྱ་གར་གཞུང་གིས་ ས་ཆ་བྱིན་ནི་ཨིནམ་མ་ཚད་ གཤམ་འཁོད་གོ་དོན་ཆིངས་ཡིག་ཚུ་གུ་ཡང་ མཚན་རྟགས་བཀོད་ནུག།
འབྲུག་གཞུང་གི་ ནུས་ཤུགས་དང་ རང་བཞིན་ཐོན་ཁུངས་ལྷན་ཁག་དང་ རྒྱ་གར་གཞུང་གི་ སླར་བྱུང་ནུས་ཤུགས་གསར་པའི་ ལྷན་ཁག་གི་བར་ན་ སླར་བྱུང་ནུགས་ནང་ མཉམ་འབྲེལ་གྱི་ གོ་དོན་ཆིངས་ཡིག་དང་ འབྲུག་གཞུང་གསོ་བའི་ལྷན་ཁག་དང་ རྒྱ་གཞུང་འཕྲོད་བསྟེན་དང་ བཟའ་ཚང་ཕན་བདེ་ལྷན་ཁག་གི་བར་ན་ གསོ་བ་དང་ སྨན་རྫས་ཀྱི་ གོ་དོན་ཆིངས་ཡིག་ དེ་ལས་ པདྨ་ལྟེ་བ་དང་ རྒྱ་གར་གཞུང་གི་ རྒྱལ་ཡོངས་སེམས་ཁམས་འཕྲོད་བསྟེན་དང་ རྩ་རྒྱུས་ཚན་རིག་གི་བར་ན་ གཙུག་སྡེ་མཐུད་སྦྲེལ་གོང་འཕེལ་གྱི་ གོ་དོན་ཆིངས་ཡིག་ཚུ་ལུ་ཡང་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
རྒྱ་འབྲུག་ ༢ ཀྱི་བར་ན་ མཉམ་འབྲེལ་ཚུ་ བློ་གཏད་དང་ མཐུན་ལམ་ ཕན་ཚུན་གྱི་གུས་ཞབས་ དེ་ལས་ གནས་རིམ་ག་རའི་ནང་ གོ་རྟོགས་ལེགས་ཤོམ་ཡོད་མི་ཚུ་ལུ་ གཞི་བརྟེན་འབད་དོ་ཡོད་པའི་ཁར་ རྒྱལ་ཁབ་གཉིས་ཀྱི་ མི་སེར་ཚུ་གི་བར་ན་ཡང་ མཐུན་ལམ་དང་ དཔལ་འབྱོར་དང་ གོང་འཕེལ་གྱི་ མཉམ་འབྲེལ་ཚུ་གིས་ ཧེང་སྐལ་ར་ བཙན་ཐབས་བྱུང་དོ་ཡོདཔ་སྦེ་བཀོད་ནུག།
ད་རེས་ བློན་ཆེན་མོ་དི་མཆོག་གི་ གཟིགས་སྐོར་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ དུས་རྒྱུན་ཆེ་རིམ་བརྗེ་སོར་ བསྐྱར་གསོའི་ཐོག་ལས་ མ་འོངས་པའི་ནང་ཡང་ དེ་བཟུམ་མའི་ བརྗེ་སོར་འཕྲོ་མཐུད་འབད་ནི་ལུ་ ཞལ་འཆམ་བྱུང་ཡོད་པའི་གནས་ཚུལ།






Users Today : 1378
Users Yesterday : 2754
This Month : 40876
This Year : 204560
Total Users : 562537
Views Today : 3049
Total views : 1768938
Who's Online : 21