མི་དབང་མཆོག་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ རྒྱལ་ཡོངས་ལུ་གནང་པའི་གསུང་བཤད།

ཀརྨ་རྡོ་རྗེ་དང་ ཚེ་རིང་རྡོ་རྗེ།
ད་རིས་ ཁྱད་དུ་འཕགས་པའི་དུས་ཆེན་ ག་ནི་བ་ རྩ་ཆེ་ཏོག་ཏོ་འདི་ནང་ ད་རིས་བཟུམ་སྦེ་ ཅང་གླིང་མའི་ཐང་ན་ ང་བཅས་ག་ར་ དུས་ནམ་ཡང་ གཅིག་ཁར་མ་འཛོམས་ ད་རིས་ བཀའ་དྲིན་དགའ་ཚོར་གྱི་ཉིནམ་ ང་བཅས་རའི་ སྤྱི་མཐུན་གྱི་ མངའ་བདག་རྒྱལ་པོ་ ཡབས་རྗེ་དམ་པ་ མི་དབང་འབྲུག་རྒྱལ་བཞི་པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་ཆེན་སྐབས་ལུ་ མི་སེར་ཡོངས་ཀྱི་ ཁ་ཐུག་ལས་ གུས་བཏུད་ཕུལ་ཏེ་ བཀའ་དྲིན་བསམ་ནི་དང་ ད་ལས་ཕར་ སྐུ་ཚེ་ཞབས་པད་བརྟན་ནིའི་དོན་ལས་ བཀྲ་ཤིས་སྨོན་ལམ་ཚུ་ ཕུལ་ནི་གི་ དུས་ཆེན་ཅིག་ཨིན།
དང་པ་ར་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ མངའ་བདག་རྒྱལཔོ་ འཇིགས་མེད་སེངྒེ་དབང་ཕྱུག་བཟུམ་ཅིག་ འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་དང་ ང་བཅས་རའི་ ཡུམ་སྐལ་བཟང་གཉིས་ཀྱིས་ ང་བཅས་ལུ་ ལུང་བསྟན་ཅན་གྱི་རྒྱལཔོ་ཅིག་ གནང་མི་འདི་ དུས་ནམ་ཡང་ བརྗེད་པར་ཕངས་པའི་ བཀའ་དྲིན་དགའ་ཚོར་ཡོད།
དེ་མ་ཚད་ ཆོས་སྐྱོང་སྲུང་མ་ཚུ་གིས་ཡང་ མགོན་སྐྱབས་མཛད་དེ་ རྗེ་མཁན་པོ་གིས་ དབུ་གཙོས་པའི་ གཞུང་གྲྭ་ཚང་དང་ འཕགས་པའི་དགེ་འདུན་ཚུ་གི་ ཁ་ཐུག་ལས་ ལོ་ངོ་བཅུ་ཕྲག་ལས་ བཅུ་ཕྲག་བཅད་དེ་ སྐུ་རིམ་དང་ བཟློག་ཐབས་ཚུ་ བསམ་གྱིས་མི་ཁྱབ་པ་ མཛད་གནང་མི་ལུ་ཡང་ ཧིང་ལས་ར་ བཀའ་དྲིན་དགའ་ཚོར་སྦོམ་ཡོད།
ང་བཅས་རའི་ འབྲུག་རྒྱལ་བཞི་པ་གིས་ རྒྱལ་ཁབ་ཀྱི་ ཕྱག་ལཱ་ཚུ་ མཛད་པའི་སྐབས་ལུ་ ང་བཅས་རའི་ གཞུང་དང་ མི་སེར་གྱིས་ཡང་ རྡོགཔ་དྲེགས་ འགན་འབག་ དམ་ཚིག་དཔང་ལུ་བཙུགས་ཏེ་ ཚར་གཅིག་ར་ འཐུས་མ་ཤོར་བར་ རྩ་འགེངས་ཏེ་ ཕྱག་ཞུ་མི་ལུ་ཡང་ ཧིང་ལས་ར་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ སླབ་ནི་ཨིན།
ད་ ད་རིས་ གཞན་དང་མ་འདྲ་བའི་ དུས་ཆེན་འདི་ཁར་ ང་བཅས་རའི་ སངས་རྒྱས་ཀྱི་ བསྟན་པ་འཛིན་མི་ སྐྱེས་ཆེན་དམ་པ་ མཁན་སྤྲུལ་དང་ བླ་ཆེན་རྩ་ཆེ་ཤོས་ཚུ་དང་ ནང་པའི་ཆོས་སྡེ་ རྒྱལ་ཁབ་མང་རབས་ཅིག་གི་ སྐུ་ཚབ་ཚུ་ཡང་ ན་ལུ་ བྱོན་ཏེ་ཡོད་པའི་ཁར་ ཕྱི་ཁའི་མགྱོནམོ་དང་ ང་བཅས་རའི་ མི་སེར་ཚུ་ག་ར་ ཁྱིམ་གཅིག་ནང་གི་ བཟའ་ཚང་བཟུམ་དང་ སྤུན་ཆ་བཟུམ་སྦེ་ གཅིག་ཁར་འཛོམས་ཚུགས་ཅི།
སྤྲུལ་སྐུ་རིན་པོ་ཆེ་ཚུ་ལུ་ ཞུ་བ་ཅིན་ ང་བཅས་ཀྱི་ འབྲུག་རྒྱལ་ཁབ་ནང་ མི་སེར་ཡོངས་ཀྱི་ སྤྱི་གཙུག་སྦུག་གི་ཉི་ཟླ་འདི་ འབྲུག་རྒྱལ་བཞི་པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ཨིན། ང་བཅས་རའི་ མི་སེར་གྱིས་ གཅེས་ཤོས་དང་ ཕངས་ཤོས་ ངལ་རངས་ཤོས་ ང་བཅས་རའི་ འབྲུག་པའི་གྲས་ལས་ ལེགས་ཤོས་ར་ མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་ཨིན།
འཇིགས་མེད་སེངྒེ་དབང་ཕྱུག་ དགུང་ལོ་ ༧༠ བཞེསཔ་ད་ལུ་ ང་བཅས་ཀྱིས་ དགའ་སྟོན་རྟེན་འབྲེལ་ བརྩི་སྲུང་ཞུཝ་ད་ སྤྲུལ་སྐུ་རིན་པོ་ཆེ་ཚུ་ག་ར་གིས་ ཞབས་བཅགས་གནང་སྟེ་ ཡབ་རྗེ་དམ་པ་ འབྲུག་རྒྱལ་བཞི་པ་ལུ་ གུས་བཏུད་ཕུལ་ཐོག་ལས་ ཐུགས་སྨོན་ཚུ་ ལེགས་ཤོམ་སྦེ་གནང་སྟེ་ ང་བཅས་ཀྱི་གྲས་ཁར་ གྲལ་བཞུགས་མཛད་འབདཝ་ད་ འབྲུག་པའི་མི་སེར་ག་ར་ ཆོས་སེམས་ཡོད་ནི་དེ་གིས་ སྤྲུལ་སྐུ་རིན་པོ་ཆེ་ཚུ་ལུ་ ཧིང་ལས་ར་ གུས་ཞབས་དང་ བརྩེ་གདུང་ རྒྱབ་སྐྱོར་སྦོམ་སྦེ་ར་ཕུལཝ་ཨིན།
ཨིན་རུང་ ད་རིས་ལས་ འགོ་བཟུང་སྟེ་ ང་བཅས་ལུ་ འཚོར་སྣང་ག་དེ་སྦེ་ བྱུང་ཡི་ཟེར་བ་ཅིན་ ང་བཅས་ གནམ་མེད་ས་མེད་ ངལ་རངས་དང་ བཀའ་དྲིན་དགའ་ཚོར་ཡོད་པའི་ནང་ལས་ ལྷག་པར་དུ་ཡང་ ད་ལས་ཕར་ཡང་ ང་བཅས་རའི་ སྤྲུལ་སྐུ་རིན་པོ་ཆེ་ཚུ་གིས་ ཕྱག་ལཱ་མཛད་རེ་མཛད་ཚེ་ སངས་རྒྱས་ཀྱི་ བསྟན་པ་ཉམས་མ་བཅུག་པར་ བཞག་ནི་དང་ འཛམ་གླིང་ནང་ སྤེལ་ནི་གི་ འགན་འཁུར་བསྣམས་ཏེ་ ཕྱག་ལཱ་མཛད་པའི་སྐབས་ལུ་ འབྲུག་མངའ་བདག་རྒྱལཔོ་ ང་ར་རྐྱངམ་གཅིག་མེན་པར་ འབྲུག་གཞུང་དང་ འབྲུག་པའི་མི་སེར་གྱིས་ རྒྱབ་སྐྱོར་ཚུ་ ཧེ་མ་བ་ལྷགཔ་སྦེ་ ཕུལ་ནི་གི་ ཁས་བླངས་ཡོད།
དེ་ཁ་ལུ་ ད་རེས་ནངས་པར་ འཛམ་གླིང་ནང་ ཉེན་འཚུབ་སྦོམ་སྦེ་ར་ འཐོན་དོ་ཡོདཔ་ལས་ ལོ་ ༡༠༠ དང་ ༢༠༠ གི་བར་ན་ རེ་ཚེ་སྐབས་ དུས་ཀྱི་འགྱུར་བ་སྦོམ་སྦེ་ར་ ཐོན་ནི་དེ་གིས་ དེ་བཟུམ་མའི་ འགྱུར་བ་སྦོམ་སྦེ་ འཐོན་པའི་བསྒང་ལས་ དེ་དང་སྦྲགས་ཏེ་ རང་བཞིན་གྱིས་སྦེ་ ནད་མུག་དང་ འཁྲུག་རྩོད་ འབྱུང་བ་བཞིའི་ རྐྱེན་ངན་ཚུ་འཐོནམ་ད་ མི་ལ་ལོ་ཅིག་གིས་ བསམ་གྱིས་མི་ཁྱབ་པའི་ལས་བསགས་ མི་ལ་ལོ་ཅིག་ལུ་ནི་ མྱ་ངན་སྦོམ་སྦེ་ར་བཀལ་ འ་ནི་བཟུམ་མའི་ དཀའ་སྡུག་ཅན་གྱི་ དུས་ཚོད་ཁར་ ང་བཅས་རའི་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ནང་ བླ་ཆེན་དང་ བླ་སྤྲུལ་ མཁན་ཆེ་སྦོམ་ཚུ་གེ་ར་ གཅིག་ཁར་འཛོམས་ཏེ་ ཁྱིམ་གཅིག་ནང་གི་ བཟའ་ཚང་བཟུམ་སྦེ་ འཛམ་གླིང་ནང་ རྐྱེན་ངན་གྱི་ ཁ་གནོན་དང་ ད་ལས་ཕར་ འཛམ་གླིང་ནང་ ཞི་བདེའི་སྨོན་ལམ་ཆེན་མོ་ཅིག་ གཞི་བཙུགས་འབད་མི་དེ་ འཕྲོ་མཐུད་དེ་ར་ ནངས་པ་ལས་ རྗེ་མཁན་པོ་གིས་ དུས་འཁོར་དབང་ཆེན་ཟེར་ ཀཱ་ལ་ཅ་ཀ་ར་ འ་ནི་བཟུམ་མའི་ ཕྱག་ལཱ་ཚུ་ མཛད་གནང་ནི་དེ་གིས་ ང་བཅས་ག་ར་ གནམ་མེད་ས་མེད་ ངལ་རངས་དང་ བློ་བདེ་ཐོག་ལུ་ འ་ནི་བཟུམ་སྦེ་ ཕྱག་ཞུ་ཚུགས་ནི་འདི་གིས་ བསམ་པ་རྫོགས་ཅི།
ད་རེས་ཀྱི་ བདུན་ཕྲག་འདི་ནང་ ང་བཅས་ཀྱིས་ ག་ཅི་མཇལ་ཡི་ཟེར་བ་ཅིན་ རྒྱལ་བློན་འབངས་གསུམ་གེ་ར་ ལགཔ་གཅིག་ཁར་མཐུད་དེ་ གེ་ར་གིས་ འགན་ཁུར་ཅིག་བསྣམས་ཏེ་ ཕྱག་ལཱ་མཛད་ཅི། ན་ བཅའ་སྒྲིག་གི་ ཕྱག་ལཱ་མཛད་པའི་སྐབས་ལུ་ཡང་ ནུབ་ཤུལ་རྐྱབ་སྟེ་ཕྱག་ཞུ་ ཕྱག་ཞུ་མི་ཚུ་ལུ་ཡང་ ཁ་སྟོངམ་སྦེ་མེན་པར་ ཚ་གྱང་ལང་སྟེ་ ཞལ་འདེབས་དང་ འདོད་པའི་ཐོག་ལས་ ཇ་དང་ འཛརཝ་ཚུ་ ཟ་ནི་ལངམ་སྦེ་ ཕུལ་བར་འོང་ཡི། གནམ་ནུབ་མོར་ཡང་ ལཱ་འབད་ནི་དང་ གནམ་ནུབ་མོར་ཡང་ ཆ་རོགས་འབད་བར་འོང་མས། ང་བཅས་རའི་ གཞུང་དང་ མི་སེར་ རྒྱལ་བློན་འབངས་གསུམ་ག་ར་ ལགཔ་མཐུད་དེ་ ཕྱག་ལཱ་མཛདཔ་ལས་ རྟགས་མཚན་སྦོམ་སྦེ་ར་ཐོན་ཡི།
ན་ལུ་ བདེ་སྲུངཔ་ཟེར་ཡོད་ རྒྱལ་སྲུངཔ་ཡོད་ དྲག་གར་ ༣ གྱི་ དམག་སྡེ་ཡོད་ ཆོས་སྒོར་བཞུགས་མི་ བླམ་མཁན་པོ་ ཁས་བླངས་པ་ཚུ་གིས་ ཧ་ལས་སི་སི་སྦེ་ གྲུབ་འབྲས་སྟོན་གནང་ཡི། འ་ནི་འབད་ནི་འདི་གིས་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ གསང་སྔགས་རྡོ་རྗེ་ཐེག་པའི་ སྦས་ཡུལ་དང་ ཆོས་སྲིད་གཉིས་ལྡན་གྱི་ རྒྱལ་ཁབ་ཟེར་ ནང་གཟུངས་དང་ འབྲུག་གི་ཡེ་ཤེས་སེམས་དཔའ་ རྒྱལ་ཁབ་ལུ་ ག་ནི་བ་ རྩ་ཆེ་བའི་ སྲོག་ཤིང་འདི་ འབྲུག་གི་ལམ་ལུགས་དང་ འབྲུག་པའི་མི་སེར་གྱི་ དམ་ཚིག་འདི་ཨིན།
འབྲུགཔ་ཟེར་བའི་བསྒང་ལས་ བྱ་བ་སྤྱོད་ལམ་ བསམ་པ་སེམས་བསྐྱེད་ སྒྲིག་ལམ་ཆོས་གསུམ་ ཐ་དམ་ཚིག་ ལས་རྒྱུས་འབྲས་ཟེར་ གཞན་དང་མ་འདྲཝ་སྦེ་འདུག། འབྲུག་པའི་མནོ་བསམ་བཏང་ཐངས་དང་ འགན་ཁུར་འབག་ཐངས་ ཕྱག་ཞུ་ཐངས་ དཔྱེ་བལྟ་བཏུབ་སྦེ་ཡོད། འདི་རང་བཞིན་གྱིས་སྦེ་ བྱུང་འབྱུངམ་མེན་པར་ རྒྱལ་བ་གོངམ་དང་ དྲིན་ཅན་ཕམ་ཚུ་གིས་སྦེ་ ཕྱག་ལཱ་མཛད་མཛད་པའི་ དངོས་གྲུབ་དང་ བྱིན་རླབས་ གྲུབ་འབྲས་ཚུ་ཨིན།
དེ་མ་ཚད་ རེ་ཚེ་སྐབས་ ངེ་གི་སེམས་ཁར་ མནོཝ་ཨིན་པས་ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༥༥ ལུ་ འཇིགས་མེད་སེངྒེ་དབང་ཕྱུག་ སྐུ་མ་འཁྲུངས་པ་ཅིན་ རྒྱལཔོ་མ་མཛད་པ་ཅིན་ ད་རེས་བཟུམ་སྦེ་ར་ སྡོད་འོང་ག་སྨོ་ཟེར་ འཇིགས་མེད་སེངྒེ་དབང་ཕྱུག་བཟུམ་ཅིག་ ཁག་ཆེཝ་ད་ལུ་ མ་བཞུགས་པ་ཅིན་ ཕྱག་ལཱ་མ་མཛད་པ་ཅིན་ ང་བཅས་ཀྱི་ འབྲུག་རྒྱལ་ཁབ་འདི་ ག་དེ་སྦེ་ སྡོད་འོང་ག་ཟེར་ མི་མང་གེ་ར་གིས་ ཤེས་སར་ཨིན། སྤྱི་ལོ་ ༡༩༧༢ ལུ་ འཇིགས་མེད་སེངྒེ་དབང་ཕྱུག་ དགུང་ལོ་ ༡༦ ཨིན་པས་ ཕངས་སི་སི་སྦེ་ ཧང་སྟོང་མར་ རྒྱལཔོ་མཛད་དགོཔ་བྱུང་ནུག།
དེ་བསྒང་དང་ ད་རེས་མི་འདྲ་བས་ དེ་སྒང་འབད་བ་ཅིན་ ང་བཅས་རའི་ རྒྱལ་ཁབ་སྤྱང་ཀ་ཨིནམ་ད་ རི་དང་ བྱག་ ནགས་ཚལ་ཚུ་གི་སྦུག་ན་ མི་སེར་སྤར་གང་ལས་མིན་འདུག། དེ་ལས་ རང་དབང་སྲུང་སྐྱོབ་ཡང་ རྟག་པ་བརྟན་པ་ ག་ནི་ཡང་མེད་པར་ གནམ་ནུབ་མོར་ ལམ་མ་ཐོངམ་བཟུམ་མའི་ དུས་ཚོད་ལུ་བབས་ དཀའ་སྡུག་ཅན་གྱི་ ས་གོ་ནང་ལས་ འབྲུག་རྒྱལ་བཞི་པ་གིས་ ཕྱག་འགན་སྣམས་ ཕྱག་ལཱ་ཚུ་འགོ་བཙུགས་ ལམ་བདེ་བཟང་སྟེ་ ང་བཅས་རའི་ རྒྱལ་ཁབ་འདི་ སྔར་བ་ལྷག་པའི་ སྒྲིང་སྒྲིང་སྦེ་ བཟོ་གནང་ཡི།
དཔྱེ་བཟང་ཤོས་ཡང་ འབྲུག་རྒྱལ་བཞི་པ་གིས་ སྟོན་གནང་ཡི་ ཡང་དག་པའི་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་པའི་ སྲིད་བྱུས་ཚུ་ཡང་ ལེགས་ཤོམ་སྦེ་ བརྩམས་གནང་ནུག། སྟབས་མ་བདེཝ་ མ་ཐོནམ་ཡང་མེན་ གྱངས་ཁ་མ་ཆོདཔ་སྦེ་འདུག་ འདི་སེལ་ཐབས་ཀྱི་དོན་ལས་ ཐབས་ལམ་ཚུ་མཛད་ དེ་ལས་ རེ་ཚེ་སྐབས་ རྐྱེན་བར་ཆད་དང་ ཉེན་ཁ་ཡང་ འདྲོག་སི་སི་སྦེ་ཐོན་ནུག། འ་ནི་བསྒང་ཡང་ གདོང་ལན་ཚུ་ འཐུས་ཤོར་མེད་པར་མཛད་ དེ་ལས་ ཡར་རྒྱས་གོང་ཕེལ་དང་ དཔལ་འབྱོར་གྱི་ལྟ་བ་ རྩ་ཆེ་ཤོས་ཅིག་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་འདི་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་མང་རབས་ཅིག་དང་ འཛམ་གླིང་ནང་ གནམ་མེད་ས་མེད་ མིང་གཏམ་ཐོན་ཏེ་ཡོད་པའི་ གཞི་རྩ་འདི་ སྒྲིང་སྒྲིང་སྦེ་ གཞི་བཙུགས་གནང་ཡོདཔ་ད་ མ་པ་ ཁག་ཆེ་ཤོས་འདི་ འབྲུག་རྒྱལ་བཞི་པ་གིས་ ཕྱག་ལཱ་ཚུ་གི་ནང་ལས་ ང་བཅས་རའི་ མི་སེར་སྒྲིང་སྒྲིང་བཟོ་དགོ་ མི་སེར་གྱིས་ར་ འགན་འབག་དགོ་ ཕྱག་ཞུ་དགོ་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ མི་སེར་གྱིས་སྦེ་ བདག་འཛིན་འཐབ་དགོ་ཟེར་ འདི་བཟོ་ཐབས་ཀྱི་དོན་ལས་ དབང་ཚད་ཕྱིར་སྤེལ་ རྩ་ཁྲིམས་ཆེན་མོ་དང་ དམངས་གཙོའི་ལམ་ལུགས་འདི་ དགོ་རང་དགོ་ཟེར་ ཐུགས་ཁར་སྣམས་སྦེ་ ཕྱག་ལཱ་བསམ་གྱིས་མི་ཁྱབ་པ་ མཛད་གནང་ཡི།
ད་ འབྲུག་རྒྱལ་བཞི་པའི་ མཛད་བྱའི་སྐོར་ལས་ སླབ་པ་ཅིན་ ང་བཅས་ཀྱིས་ སླབ་ཡང་མི་ཚར་ འབྲུག་རྒྱལ་བཞི་པ་གིས་ རྒྱལ་ཁབ་ཀྱི་ སྲིད་ཀྱི་དབུ་འཁྲིད་ཡང་མཛད་ཅི་ དམག་གི་དམག་དཔོན་ཡང་མཛད་ཅི་ མི་སེར་ཡོངས་ཀྱི་ སློབ་དཔོན་ཡང་ཨིན། དུས་ཨ་རྟག་ར་ མི་ཆེ་འབྲིང་ཆུང་གསུམ་གྱིས་ འབྲུག་རྒྱལ་བཞི་པ་ མཇལཝ་ད་ལུ་ རིགས་གསུམ་མགོན་པོའི་ རྣམ་སྤྲུལ་ཟེར་ཞུཝ་ཨིན། ཕྱག་ན་རྡོ་རྗེ་གི་ འཇིགས་སྣང་མེད་པའི་སྙིང་སྟོབས་ འཇམ་དཔལ་དབྱངས་ཀྱི་ཐུགས་རིག་ སྤྱན་རས་གཟིགས་ཀྱི་ བྱམས་པ་དང་ སྙིང་རྗེ་དང་ལྡན་པའི་ ཆོས་ཀྱི་རྒྱལ་པོ་ཨིན།
ད་ ང་རའི་ཁ་ཐུག་ལས་ འབྲུག་རྒྱལ་བཞི་པ་ཟེར་ ད་རིས་ ག་ནི་བ་ རྩ་ཆེ་བའི་ཉིན་མར་ ང་བཅས་རའི་ མི་སེར་ཚུ་ལུ་ ག་ཅི་སླབ་ན་ཟེར་ ལོག་ཅི་ལོག་ཅི་ར་ མནོ་བསམ་བཏང་སྟེ་ སྨོན་ལམ་ཡང་བཏབ་ཅི། ཞུ་ནི་ཡོད་མི་ཚུནི་ ཧེ་མ་ལས་ར་ཞུ་ཡི་ འདི་གི་ནང་དོན་ཉིད་ལས་ ཞབས་ཀྱིས་ཕྱག་ལཱ་ག་ཅི་མཛད་ཅི་ག་ ག་དེ་སྦེ་མཛད་ཅི་ག་ ག་བ་དྲགཔ་སྦེ་ ང་བཅས་རའི་ མི་སེར་གྱིས་ ལེགས་ཤོམ་སྦེ་ར་ཤེས་ ཨིན་རུང་ འདི་གུ་ལུ་འཐེབ་ཅིག་ གོ་སྐབས་བཟུང་སྟེ་ གནས་ཚུལ་ཕབ་པ་ཅིན་ ང་ར་མནོ་བསམ་ཅིག་བཏང་སྦེ་ མི་སེར་གྱིས་ འཇིགས་མེད་སེངྒེ་དབང་ཕྱུག་ མཇལཝ་ད་ལུ་ འབྲུག་མངའ་བདག་རྒྱལ་པོ་ཟེར་ མཇལ་ནི་དང་ ང་གིས་མཇལཝ་ད་ལུ་ ང་རའི་ཨ་པ་ལགས་ ང་རའི་ཡབ་སྦེ་ མཇལཝ་ཨིན་པས།
འ་ནི་ སེམས་ཁར་བཞག་སྟེ་ ང་རའི་ཡབ་ཀྱིས་ ཐུགས་ཁར་ག་ཅི་སྣམས་ཏེ་ཡོད་ག་ ང་ར་ལུ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཕོཝ་རྒྱགས་པའི་སྐབས་ལུ་ ལེ་ཤ་ར་ གསུངསམ་གསུངསམ་ཡོད། ང་ དེ་བསྒང་ ཆུང་ཀུའི་བསྒང་ལས་ ཨ་རྟག་ར་ གེ་སར་ འ་ནི་སེམས་ཁར་བཞག་སྨ་རེ་ འ་ནི་འབདཝ་དྲག་སྨ་རེ་ འ་ནི་ཁག་ཆེ་སྨ་རེ་ བརྗེད་མ་སོང་ སེམས་ཁར་བཞག་ར་བཞག་ ཁྱོད་ཤུལ་མར་ འགན་ཁུར་འབག་དགོ་ ཕྱག་ཞུ་དགོ་ཟེར་ ལོག་ཅི་ལོག་ཅི་ར་ གསུངས་ནི་དེ་གིས་ རང་གི་སེམས་ཁ་ལུ་ ཕྲ་ལམ་ལམ་སྦེ་ཡོད་ དུས་ནམ་ཡང་མི་བརྗེད་ ང་གིས་ ལཱ་ག་ཅི་ར་འབད་རུང་ འདི་ཚུ་དྲན་ཏེ་འབདཝ་ཨིན།
ང་རའི་ཁ་ཐུག་ལས་ ད་རེས་ དོན་ཚན་ ༡༢ སྦེ་ ཞུ་ནི་ཨིན་ དེ་ཡང་ དང་པ་ར་ འབྲུག་རྒྱལ་བཞི་པ་གིས་ གེ་སར་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་ར་ཞུ་དགོ་སྨ་རེད་ ཕྱག་ཞུ་བའི་སྐབས་ལུ་ ཐེ་ཚོམ་མེད་པར་ ཕྱག་ཞུ་དགོ་ མ་འདྲོག་ མ་འཚེར་བར་ ཉེན་ཁ་ག་དེམ་ཅིག་ཐོན་རུང་ དཀའཝ་ག་དེམ་ཅིག་སྤྱད་རུང་ འགན་གཟར་དྲགས་དང་ ལྗིད་ཆེ་དྲགས་ཡོད་རུང་ འུ་སྡུག་ ཐང་ཆད་ནི་མི་འོང་ ང་བཅས་རའི་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་འདི་སྦེན་ དམ་ཚིག་དཔང་བཙུགས་ཀྱི་སྒོ་ལས་ འཐུས་ཤོར་མེད་པར་ ཁྱོད་རའི་སྲོག་ཡང་ བློས་བཏང་ཆོགཔ་སྦེ་ ཕྱག་ཞུ་ར་ཞུ་དགོ་ འཐུས་ཤོར་བ་ཅིན་ ལས་སྦོམ་བསགས་འོང་ ཁྱོད་ར་གིས་ འགན་འབག་སྟེ་ ང་བཅས་རའི་ དབང་ཕྱུག་རྒྱུད་འཛིན་གྱི་ རྒྱལཔོ་ཚུ་བཟུམ་སྦེ་ར་ འཕྲོ་མཐུད་དེ་ ཕྱག་ཞུ་ཚུགས་པ་ཅིན་ ཁྱོད་ཀྱིས་ཕན་ཐོགས་པ་ཅིན་ ཁྱོད་ར་ཚོགས་བསགས་འོང་ཟེར་གསུངས་ཡི།
གཉིས་པའམ་འདི་ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་དང་ སྲུང་སྐྱོབ་འདི་ གནམ་མེད་ས་མེད་ རྩ་ཅན་ཨིནམ་ལས་ བདག་འཛིན་ཐབ་དགོ་ རྩིས་དག་བཏང་དགོ་ སེམས་བག་ཡེངས་མ་ཤོར་ རེ་ཚེ་སྐབས་ བྱ་སྟབས་མ་བདེཝ་ དུམ་གྲ་རེ་ཐོནམ་ད་ སྟབས་མ་བདེཝ་ཚུ་ཆུང་ཀུ་ཨིན་པས་ཟེར་ བཀོ་མ་བཞག་ ཤུལ་ལས་ འ་ནི་ སྟབས་མ་བདེཝ་ཆུང་ཀུ་ཚུ་ སྦོམ་སོང་སྟེ་ ཉེན་ཁ་བཀལ་འོང་ སེར་གུ་ཆུང་ཀུ་ཅིག་ར་ ཐོན་མ་བཅུག་པར་ ཕྱག་ཞུ་ཟེར་ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་དང་ སྲུང་སྐྱོབ་འདི་ གོང་ལས་གོང་དུ་ཕེལཝ་སྦེ་ར་ བཟོ་དགོ་ཟེར་ཨིན།
གསུམ་པའམ་འདི་ རྗེ་མཁན་པོ་དང་ གཞུང་གྲྭ་ཚང་ འཕགས་པའི་དགེ་འདུན་ ང་བཅས་རའི་ ནང་པའི་ཆོས་སྡེ་ཁག་ཚུ་ལུ་ ག་དེ་དྲག་དྲག་ རྒྱབ་སྐྱོར་ལེགས་ཤོམ་སྦེ་ཕུལ་དགོ་ ང་བཅས་རའི་ འབྲུག་རྒྱལ་ཁབ་ཟེར་མི་འདི་ སངས་རྒྱས་ཀྱི་ བསྟན་པའི་སྦས་ཡུལ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་ ངག་དབང་རྣམ་རྒྱལ་གྱི་ བསྟན་པ་ལུ་ རྐྱེན་བར་ཆད་འཐོན་མ་བཅུག་པར་ ཉེན་སྲུང་འབད་དེ་ བདག་འཛིན་འཐབ་ཞིནམ་ལས་ ཕྱག་ཞུ་སྟེ་ མ་འོངས་པའི་ མི་སེར་ཚུ་ལུ་ ད་རེས་བ་དྲགཔ་བཟོ་སྟེ་ རྩིས་སྤྲོད་ཚུགསཔ་བཟོ་དགོ་ ང་བཅས་ འབྲུགཔ་ཟེར་ སླབ་ཚུགས་མི་འདི་ར་ ང་བཅས་རའི་ ནང་ན་གི་ ཡེ་ཤེས་སེམས་པ་འདི་ འ་ནི་ བསྟན་པ་འདི་ཨིན།
དེ་ལས་ བཞི་པ་འདི་ ང་བཅས་རའི་ འབྲུག་གི་ངོ་རྟགས་འདི་ བདག་འཛིན་འཐབ་ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ རྒྱལ་ཁབ་ཆུང་ཀུ་ཅིག་ར་ཨིན་ ཁྱིམ་ཚང་རྒྱལ་ཁབ་ གཅིག་བ་གཅིག་སྦོམ་པས་ འཛམ་གླིང་ནང་ མི་ཐེར་འབུམ་ ༨ དང་ ༩ གི་བར་ན་ ལྷོད་པའི་བསྒང་ལས་ ང་བཅས་རའི་ མི་རློབས་ཡང་ འབུམ་བདུན་ལང་མི་ལང་ཅིག་ལས་ སྟོན་མི་ཚུགས་པས་ རྒྱ་མཚོའི་སྦུག་ལུ་ འཐིམ་ནི་གི་ ཉེན་ཁ་ཡོད་ དུས་ཨ་རྟག་ར་ འབྲུགཔ་ཨིན་ཟེར་ སླབ་ཚུགསཔ་སྦེ་བཞག་དགོ་ ཕྱིའི་མི་དང་ རང་གི་མི་ དབྱེ་བ་ཕྱེ་ཚུགསཔ་སྦེ་བཞག་དགོ་ རང་འབྲུགཔ་ཨིན་ཟེརཝ་ད་ ངོ་ཤེསཔ་སྦེ་ སྟོན་ཚུགསཔ་སྦེ་ བཟོ་དགོ་ཟེར་ ཨ་རྟག་ར་ གསུངསམ་ཨིན་ལགས། ལྷག་པར་དུ་ཡང་ ང་བཅས་རའི་ མི་སེར་དང་ འདི་གི་ནང་དོན་ཉིད་ལས་ ང་བཅས་རའི་ ཨ་ལོ་བུཚ་ཚུ་གིས་ འབྲུག་པའི་ལམ་ལུགས་སྲོལ་ཚུ་ལུ་ བརྩེ་གདུང་བསྐྱེད་དགོ་ ཕངས་དགོ་ ག་དེམ་ཅིག་ཁག་ཆེ་ག་ ཧ་གོ་དགོ་ ཕྱག་ཕྱིད་འདི་ ང་བཅས་རའི་ མི་སེར་གྱིས་ར་ཞུ་དགོ་ འདི་གཞུང་གི་ཕྱག་ལཱ་མེན་ཟེར་ གསུངས་ནི་ཡོད།
དོན་ཚན་ལྔ་པ་འདི་ ང་ར་ནམ་རང་སྦེ་རུང་ ཡབ་ཀྱི་ཕྱག་ཞུ་སྟེ་ རྫོང་ཁག་ ༢༠ དང་ གཡུས་གོ་ཁག་སོ་སོའི་ནང་ལས་ཕར་ བྱོན་པའི་སྐབས་ལུ་ ལྷ་ཁང་ དགོན་སྡེ་ རྫོང་གཞི་ གནས་རྩ་ཆེ་དྲགས་ ཁྲོམ་ཁ་ལས་ཕར་སྦེ་རུང་ ཁྱིམ་གསརཔ་ཅིག་ རྐྱབ་སར་གཟིགས་པ་ཅིན་ ཨ་རྟག་ར་ ཁྱིམ་གྱི་བཟོ་བཀོད་ཚུ་ བདག་འཛིན་འཐབ་སྨ་རེད་ ང་བཅས་རའི་ འབྲུག་པའི་ལུགས་སྲོལ་ལུ་ གཙོ་བོར་སྟོན་དགོ་ གནས་རྩ་ཆེ་དྲགས་ཚུ་ ཉམས་གསོ་ཞུ་དགོ་ ལྟ་མ་མེདཔ་ཐལ་འོང་ རི་དྭགས་སེམས་ཅན་ ལ་དང་ལུང་ གཙང་ཆུ་ཅིག་སྦེ་རུང་ གཙང་ཏོག་ཏོ་སྦེ་བཞག་ ཉན་སྲུང་འབད་ དེ་ལས་ གཡུས་གོ་ནང་གི་ ཁ་རྒྱུན་དང་ དཔྱེ་གཏམ་ ལམ་ལུགས་མ་འདྲཝ་ཚུ་ཡང་ ཨ་ལོ་ཚུ་གིས་ ཤེསཔ་བཟོ་དགོ་ གསོ་བའི་རིག་པ་དང་ བཟོ་རིག་ལ་སོགས་པའི་ ང་བཅས་རའི་ ངོ་རྟགས་ཚུ་ཡང་ བདག་འཛིན་འཐབ་ར་འཐབ་དགོ།
དེ་ལས་ དྲུག་པ་འདི་ ང་བཅས་རའི་ འབྲུག་རྒྱལ་ཁབ་ཀྱི་ སྟོབས་ཤུགས་དེ་ གཅིག་མཐུན་ཨིན་ རྒྱལ་ཁབ་ལ་ལོ་ཅིག་ནང་བཟུམ་སྦེ་ མི་ར་སྒྲིག་མ་ཚུགས་ ཕར་དང་ཚུར་ རོགས་དང་ ང་བཅས་ཟེར་ རེ་ཚེ་སྐབས་འཐབ་ གཅིག་གིས་གཅིག་ལུ་གཟེར་རྐྱབ་ དགྲ་བྱང་ཕྱད་ ཕྱི་ལས་མེན་པར་ ནང་ན་ལས་ར་ ཁ་བཏང་ ངོ་ལོག་ འབད་གཞག་བཅའ་གཞག་ ངན་སི་སི་སྦེ་ སྡོད་པ་ཅིན་ ང་བཅས་རའི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིནམ་ལས་ རོགས་དང་འདྲན་འདྲ་འབད་མི་ཚུགས་ རྒྱུ་སྟོབས་དང་ མི་སྟོབས་ རོགས་ཀྱིས་སྟོན་ཚུགས་མི་དེ་ ང་བཅས་ཀྱིས་ སྟོན་མི་ཚུགས་པས་ ཁག་ཆེ་ཤོས་ར་ ང་བཅས་ ཁྱིམ་གཅིག་ནང་གི་ བཟའ་ཚང་བཟུམ་སྦེ་ རྒྱལ་ཁབ་གཅིག་དང་ མི་སེར་གཅིག་སྦེ་གནས་ཏེ་ ནམ་རང་འབད་རུང་ ལགཔ་མཐུད་དེ་ ལཱ་འབད་ཤེས་པ་ཅིན་ ག་གིས་ཡང་ བརླགས་འཁེལ་མི་ཚུགས་ ང་བཅས་རའི་ རྒྱལ་ཁབ་ཀྱི་ སྟབས་མ་བདེཝ་སྦོམ་ ག་དེམ་ཅིག་ སེལ་དགོ་རུང་སེལ་ཚུགས་ དམིགས་ཡུལ་ག་ཅི་གི་ དོན་སྒྲུབ་དགོ་རུང་ སྒྲུབ་ཚུགས་ཟེར་ གསུངས་ནི་ཡོད།
དོན་ཚན་ ༧ པ་ ཉམས་དགའ་བའི་ཉེན་ཁ། ལཱ་ལེགས་ཤོམ་སྦེ་ འགྱོ་དོ་ཟེར་ མནོ་བའི་བར་ན་ མི་གི་སེམས་ཀྱི་ ལངས་ཤོར་ཨིན་ ཡ་མེད་ཐལ་ནི་ཅིག་ཡོད་ ཐང་ཐིག་ཤོར་ཡི་ ཁ་བརྒྱང་པས་ ལཱ་མ་འབད་བར་ལུས་འོང་ མིག་ཏོ་གཞན་ཁར་བལྟ་སྦེ་ འགན་ཁུར་མ་འབགཔ་ལས་བརྟེན་ འཐུས་ཤོར་འོང་ དེ་གི་ཉེན་ཁ་ ང་བཅས་རའི་ འབྲུག་ནང་འཁོད་ཡོད་ གེ་སར་ ཤུལ་ལས་ ཁྱོད་ཀྱིས་ལཱ་འབད་བའི་སྐབས་ལུ་ འ་ནི་ཚུ་ རིགཔ་བསྒྱིམ་དགོ་སྨ་རེད་ཟེར་ ལོག་ཅི་ར་ གསུངས་ནི་ཡོད། ཉམས་དགའ་བའི་ ཉེན་ཁ་སྦོམ་ཤོས་དེ་ར་ སེམས་བག་ཡེངས་ཤོརཝ་ཨིན་སྨ་རེད་ མི་ལང་ཤོར་ཐལཝ་ཨིན་སྨ་རེད་ ཁ་བརྒྱང་སྟེ་ལུས་སྦེ་ ཤུལ་ལས་ གནམ་མེད་ས་མེད་ རྐྱེན་ངན་སྦོམ་འཐོན་འོང་ རིགཔ་བསྒྱིམ་དགོ།
དོན་ཚན་ ༨ པ་དེ་ འབྲུག་རྒྱལ་ཁབ་འདི་ སྒྲིང་སྒྲིང་དགོ་པ་ཅིན་ མི་སེར་ར་ སྒྲིང་སྒྲིང་དགོ་ འ་ནི་ལས་བརྟེན་ཏེ་ ང་བཅས་རའི་ མི་སེར་ཚུ་ལུ་ ཉམས་མྱོང་ལེགས་ཤོམ་སྦེ་ འཐོབ་བཟོ་དགོ་ ཆོས་ཡོན་ཏན་ལུ་ གཙོ་བོར་བཏོན་ ང་བཅས་རའི་ མི་སེར་ར་ ག་དེ་དྲག་དྲག་ སྒྲིང་སྒྲིང་བཟོ་དགོ་ མི་སེར་སྒྲིང་སྒྲིང་ཡོད་པ་ཅིན་ མི་སེར་གྱིས་ར་རྡོགཔ་དྲེགས་ མི་སེར་གྱིས་ར་འགན་འབག་ མི་སེར་གྱིས་ར་ཕྱག་ཞུ་ ཕྱག་ལཱ་ག་ཅི་ར་ མཛད་དགོ་རུང་ ང་བཅས་རའི་ མི་སེར་གཅིག་དང་གཉིས་མིན་པར་ མི་སེར་ཁྲི་དང་འབུམ་གཅིག་ཁར་སྦེ་ ལཱ་འབད་བའི་བསྒང་ལས་ ང་བཅས་རའི་ རྒྱལ་ཁབ་འདི་ ཡར་འཐུ་བདའ་འོང་ མི་སེར་སྒྲིང་སྒྲིང་ བཟོ་དགོ་ཟེར་ར་གསུངསམ་ཨིན།
དོན་ཚན་ ༩ པ་དེ་ ཨ་ལོ་ལངས་ཤོར་མ་བཏང་ ཨ་ལོ་ཚུ་ ནམ་རང་འབད་རུང་ ལེགས་ཤོམ་དང་ ཟོགཔ་གི་བར་ན་ དབྱེ་བ་ཕྱེ་ཚུགསཔ་སྦེ་བཟོ་དགོ་ སྒྲིག་བཅགས་ ཁག་ཆེ་ཤོས་དེ་ར་ ཨ་ལོ་ཚུ་གིས་ བཀའ་དྲིན་བསམ་ཤེས་དགོ།
དོན་ཚན་ ༡༠ པ་དེ་ རྒྱལ་ཁབ་ཀྱི་ མིང་གཏམ་འདི་ རྩ་ཅན་ཨིན་ཟེར་ ཞབས་ཀྱིས་གསུངས་ནི་ཡོད་ རྒྱལ་ཁབ་ཀྱི་ མིང་གཏམ་འདི་ ག་ཅི་བཟུམ་ཡང་འཐོན་འོང་ ལྟ་མ་ འབྲུག་རྒྱལ་ཁབ་ཀྱི་ མིང་གཏམ་འདི་གིས་ ང་བཅས་ བཀལ་སར་ཅིག་བཀལ་སྦེ་ ཕྱིའི་མི་ཚུ་གིས་ ང་བཅས་ལུ་བལྟཝ་ད་ ཨའོ་ ཨ་ནི་འབྲུགཔ་ཚུ་ ཡ་མེད་ཨིན་ འབྲུགཔ་གིས་ཤོབ་རྐྱབ་ཨིན་ འབྲུགཔ་གིས་ཨརཝ་བརྐུཝ་ཨིན་ འབྲུགཔ་གཞུངམ་མེད་ བློ་མ་བདེཝ་ཆགསཔ་མས་ཟེར་ ང་བཅས་ལུ་ བློ་གཏད་མ་ཚུགས་པ་ཅིན་ བཀལ་སར་སྦོམ་སྦེ་ར་བཀལ་འོང་ ནམ་རང་འབད་རུང་ འབྲུག་རྒྱལ་ཁབ་ཟེརཝ་ད་ལུ་ རྒྱལ་ཁབ་ཆུང་ཀུ་ཅིག་ལས་མེད་རུང་ རྒྱལ་ཁབ་སྦོམ་ཚུ་གིས་ ང་བཅས་ལུ་ བློ་གཏད་ཚུགསཔ་སྦེ་བཟོ་དགོ་ འབྲུགཔ་ཟེར་མི་ཚུ་ ག་དེ་སྦེ་ཡོད་ཟེར་བ་ཅིན་ སེམས་ཚ་ཐང་ཐང་ཡོད་ འབད་གཞག་ལེགས་ འགན་ཁུར་འབགཔ་ཨིན་ འབྲུགཔ་མཁས་དྲགས་ཨིན་ འ་ནི་བཟུམ་སྦེ་ སླབ་ཚུགསཔསྦེ་བཟོ་དགོ།
དོན་ཚན་ ༡༡ པ་ དྲང་བདེན་ཅན་གྱི་ ཕུན་སུམ་ཚོགས་པའི་ མི་སྡེ་ཟེར་ གནས་དགོ་པ་ཅིན་ གཞུང་སྐྱོང་གི་ལམ་ལུགས་དང་ ཁྲིམས་ཀྱི་ལམ་ལུགས་དེ་ར་ གནམ་མེད་ས་མེད་ ལེགས་ཤོམ་སྦེ་དགོ་ ང་བཅས་རའི་ འཚོ་བའི་གནས་སྟངས་དེ་ སྟབས་བདེ་ཏོག་ཏོ་ དགའ་ཏོག་ཏོ་ ག་ར་འཆམ་ཏོག་ཏོ་ བློ་གཏད་ཚུགསཔ་སྦེ་ བཞག་དགོ་པ་ཅིན་ གཞུང་སྐྱོང་གི་ལམ་ལུགས་དང་ ཁྲིམས་ཀྱི་ལམ་ལུགས་དེ་ར་ ལེགས་ཤོམ་སྦེ་དགོ།
མཐའ་མཇུག་ལུ་ ང་རའི་ཡབ་ཀྱིས་ གསུངས་མི་ཚུ་གི་གྲས་ལས་ ཁག་ཆེ་ཤོས་ཅིག་ དོན་ཚན་ ༡༢ པ་དེ་ཨིན། མི་དབང་ཞབས་ཀྱིས་ གེ་སར་ ཧེ་མ་འགྱོ་བཏུབ་མི་དེ་ ད་ལྟོ་ འགྱོ་མི་བཏུབ་འོང་ ད་རེས་ འགྱོ་བཏུབ་མི་དེ་ ཤུལ་ལས་ འགྱོ་མི་བཏུབ་འོང་ ཁྱོད་ཀྱིས་བརྗེད་ར་མ་སོང་ རྒྱལ་ཁབ་ཀྱི་ ལཱ་འབདཝ་ད་ལུ་ ལམ་འཚོལ་ཤེས་དགོ་ ག་ཅི་འབད་ནི་ཨིན་ན་ ནམ་འབད་ནི་ཨིན་ན་ ག་དེ་སྦེ་འབད་ནི་ཨིན་ན་ འ་ནི་ཚུ་ རང་གིས་སྦེ་ར་ ལེགས་ཤོམ་སྦེ་ དབྱེ་བ་ཕྱེ་སྟེ་ གདམ་ཁ་རྐྱབ་དྲག་ འ་ནི་འདི་ ང་ར་གིས་མཇལཝ་ད་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ང་ལུ་ གསུངས་རེ་གསུངས་ཚེ་ཅིག་གི་གྲས་ཁ་ལས་ རྩ་ཆེ་ཤོས་ཅིག་ འ་ནི་མཇལཝ་ཨིན་པས།
ད་ མཇུག་མཐའ་མཇུག་ལུ་ རེ་ཚེ་སྐབས་ ང་བཅས་རའི་ མི་སེར་ཚུ་གིས་ མནོ་བསམ་གཏང་དོ་འོང་ ལོ་ ༡༩ གི་རིང་ལུ་ འབྲུག་རྒྱལ་བཞི་པ་གིས་ འབྲུག་རྒྱལ་ཁབ་ཀྱི་ ཕྱག་ལཱ་ཚུ་ལུ་གཟིགསཔ་ད་ ཐུགས་ཁར་ག་ཅི་བསྣམས་དོ་འོང་ག་ ཐུགས་བསམ་ག་དེ་སྦེ་ བཞེས་དོ་འོང་ག་ འ་ནི་ མཇུག་མ་སྡུ་བའི་ཧེ་མ་ ང་རའི་ཁ་ཐུག་ལས་ དུམ་གྲ་ཅིག་ སླབ་པ་ཅིན་ འབྲུག་རྒྱལ་བཞི་པ་ ཐུགས་ཚ་གྱང་སྦོམ་སྦེ་ར་ བཞེས་ཏེ་ཨིན་པས་ ཏེ་ ཚ་གྱང་ག་ཅི་སྦེ་ མི་བཞེས་ནི་ འཛམ་གླིང་གི་གནས་སྟངས་ འགྱུར་ཏེ་འགྱོཝ་ད་ལུ་ ག་ཏེ་ར་མཇལ་རུང་ གནམ་མེད་ས་མེད་ ཉེན་ཁ་འདུག་ སྟབས་མ་བདེཝ་ཐོན་དེས་ ཆརཔ་ཕར་ཁ་རྐྱབ་ ཟིལཔ་ཚུར་ཁ་ཕོག་ཟེར་ སླབ་དོ་བཟུམ་སྦེ་ ང་བཅས་རའི་ འབྲུག་རྒྱལ་ཁབ་ཡང་ འཐེབ་ཅིག་ར་ རིགཔ་སྒྱིམ་དགོ་པས་ དྲནམ་སྟོན་དགོ་པས་ ཚ་གྱང་ལང་དགོཔ་འདུག་ འབྲུག་རྒྱལ་བཞི་པ་ ཐུགས་ཚ་གྱང་སྦོམ་སྦེ་ར་ བཞེས་ཏེ་ཨིན། ཨིན་རུང་ ང་ར་གིས་མཇལ་ཡི་ ཞབས་ཀྱི་ཞལ་ལས་ གསུངས་སར་ཡང་གོ་ཡི་ ཞབས་གནམ་མེད་ས་མེད་ ཐུགས་ངལ་རངས་ཏེ་བཞུགས་ཡོད།
ང་བཅས་རའི་ མི་སེར་གྱི་དད་པ་དང་ མོས་གུས་ དམ་ཚིག་ ང་བཅས་རའི་ མི་སེར་གྱིས་ ག་དེམ་ཅིག་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་ཆོགཔ་སྦེ་ཡོད་ག་ ག་བ་དྲགཔ་སྦེ་ ཞབས་ཀྱིས་མཁྱེན་ གཟིགས་དོ་ འ་ནི་འབད་ནི་དེ་གིས་ ཞབས་ཀྱིས་ ཨ་རྟག་ར་གསུངས་མས་ སྟབས་མ་བདེཝ་དེ་འཐོན་འོང་ ཉེན་ཁ་འདི་འདུག་ མཛད་དགོཔ་ཡང་ ལེ་ཤ་མཐོང་མས་ དེ་འབདཝ་ད་ ང་བཅས་རའི་ མི་སེར་གྱི་ འགན་འབག་ཚུགས་པས་ ང་བཅས་རའི་ འབྲུག་རྒྱལ་ཁབ་ལུ་ ཕྱག་ཞུ་ཚུགས་པས་ མ་འོངས་པ་འདི་ ལེགས་ཤོམ་འགྱོ་ནི་ཨིན་པས་ གནམ་མེད་ས་མེད་ བློ་བདེ་བས་ ངལ་རངས་ཡི་ཟེར་ གསུངས་ནི་ཡོད་ འ་ནི་དེ་ ང་གིས་ གོ་སྐབས་ལེན་ཏེ་ ཁྱེད་ལུ་ སླབ་དགོ་པས་ཟེར་ མནོ་སྟེ་ར་སྡོད་ཡོད།
རེ་ཚེ་སྐབས་ ང་ར་མནོ་བསམ་གཏང་མས་ ཤིང་ཕུད་རྡོག་གཅིག་ ཕྲང་ཏང་ཏ་སྦེ་ འཇའ་ཆི་ཆི་སྦོམ་སྦེ་ཕོཝ་རྒྱགས་ འ་ནི་ཤིང་འདི་ དོན་དག་ག་ཅི་ཨིན་ན་ འ་ནི་ཤིང་འདི་ སྦོམ་ཐལ་བའི་བསྒང་ལས་ མེ་ཏོག་ཅིག་ ཤར་ནི་འདུག་ མེ་ཏོག་ཁ་ལས་ རྡོག་མ་གཅིག་ ས་ཁར་བུད་ འ་ནི་ལས་བརྟེན་ སོན་དེ་ས་ནང་ཐིམས་པའི་ཤུལ་ལུ་ སོན་འ་ནི་ལས་ ཤིང་ཕུད་རྡོག་ ༡༠ ཕྱུག་གུ་འཚའཝ་ཨིན་མས་ ཤིང་བཅུ་ཐམ་འདི་ ཕོཝ་རྒྱགས་པའི་བསྒང་ལས་ ཤིང་དེ་ཚུ་ལུ་བརྟེན་ཏེ་ ཤིང་བརྒྱ་གཅིག་ ཕོཝ་རྒྱགསཔ་ཨིན་པས་ ཤིང་བརྒྱ་གཅིག་གི་ནང་ལས་ ཤིང་ཁྲི་གཅིག་ ཁྲི་ལས་འབུམ་སྦེ་ འཕེལ་འགྱོཝ་ཨིན།
འ་ནི་ཚུ་ ང་གིས་མཇལཝ་ད་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ རྒྱལ་བ་གོངམ་གྱི་ཐུགས་སྨོན་ ང་བཅས་རའི་ དྲིན་ཅན་ཕམ་གྱི་ སྐུ་བསོད་དབང་ཐང་ ཆོས་སྐྱོང་སྲུང་མ་ཚུ་གིས་ སྐྱབས་མཛད་དེ་ ན་འཐན་ཁག་ཆེཝ་ད་ལུ་ བདེ་ཆེན་ཆོས་གླིང་གཟིམ་ཅུང་ནང་ སྤྱི་ལོ་ ༡༩༥༥ གི་ དུས་ཆེན་དེ་ནང་ མ་འོངས་མངོན་གཟིགས་ཅན་གྱི་ རྒྱལཔོ་ཅིག་འཁྲུངས་ནུག་ འདི་གི་ཕྱག་ལཱ་ལུ་བརྟེན་ཏེ་ ང་བཅས་རའི་ རྒྱལ་ཁབ་འདི་ སྒྲིང་སྒྲིང་ཐལ་སོང་ཡི་ དེ་གི་ལྟ་བ་ལས་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ལམ་ཧིང་སང་སང་སྦེ་ བཟོ་གནང་ཡི། ཏེ་ འ་ནི་ འཇིགས་མེད་སེངྒེ་དབང་ཕྱུག་འདི་ ཤིང་གཅིག་བཟུམ་སྦེ་ མཇལཝ་ཨིན་མས་ དེ་འབདཝ་ད་ ཤིང་གཅིག་ལས་བཅུ་ཐམ་ བཅུ་ཐམ་ལས་བརྒྱ་གཅིག་ བརྒྱ་ལས་ཁྲི་ ཁྲི་ལས་འབུམ་སྦེ་འབདཝ་ད་ ང་བཅས་ག་ར་ ཤིང་གཅིག་གི་སོན་ཨིན།
ང་རའི་ཁ་ཐུག་ལས་ ད་རེས་ གོ་སྐབས་ཐོབ་མི་ལུ་ གནམ་མེད་ས་མེད་ བཀའ་དྲིན་ཆེ་ཟེར་ སླབ་ནི་དང་ འབྲུག་རྒྱལ་བཞི་པ་ ད་རིས་ དགུང་ལོ་ ༧༠ བཞེསཔ་ད་ མ་སྒྲིག་པའི་བརྟེན་འབྲེལ་བཟུམ་སྦེ་ ལྷ་བབས་དུས་ཆེན་དང་ ཁ་ཐུག་རྐྱབ་ལས་ ང་བཅས་རའི་ མི་སེར་གྱི་ སེམས་ཁ་ལུ་ སྣང་བ་བསྐྱེད་པ་ཅིན་ ང་གིས་ རྩིས་པའི་སློབ་དཔོན་ལུ་ཡང་ ཞུ་བལྟ་ཡི་ འབྲུག་རྒྱལ་བཞི་པ་ དགུང་ལོ་ ༡༠༠ བཞེསཔ་ད་ ད་རུང་ཡང་ ལྷ་འབབ་དུས་ཆེན་ཨིན་པས་ ང་ར་ ད་རིས་ཀྱི་ ཉིནམ་འདི་ཁར་ མི་སེར་དང་ཅིག་ཁར་ ལགཔ་མཐུད་དེ་ སྨོན་ལམ་འདི་ ད་རུང་ཡང་ འབྲུག་རྒྱལ་བཞི་པ་ དགུང་ལོ་ ༡༠༠ བཞེསཔ་ད་ ད་རིས་བཟུམ་སྦེ་ར་ ལྷ་འབབ་དུས་ཆེན་དང་ ཁ་ཐུག་རྐྱབ་སྟེ་ ད་རིས་བཟུམ་སྦེ་ར་ ང་བཅས་ རྒྱལ་བློན་འབངས་གསུམ་ དམ་ཚིགདཔང་བཙུགས་ཀྱི་སྒོ་ལས་ ལགཔ་མཐུད་དེ་ དགའ་སྟོན་རྟེན་འབྲེལ་ཚུ་ རྒྱལ་རབས་ནང་ཚུདཔ་སྦེ་ར་ བརྩི་སྲུང་ཞུ་གེ་ཟེར་ ད་རིས་ བཀྲ་ཤིས་སྨོན་ལམ་ ཕུལཝ་ཨིན་ལགས།
བཀའ་དྲིན་ཆེ།

Please follow and like us: