བང་ལ་དེཤ་གི་ བློན་ཆེན་བགྲེསཔ་ ཤེག་ཧ་སི་ན་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ཡོདཔ།

བི་བི་སི།

སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ བང་ལ་དེཤ་གི་ བློན་ཆེན་བགྲེསཔ་ ཤེག་ཧ་སི་ན་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ཡོདཔ་ད་ དེ་ཡང་ འདས་པའི་ལོ་ནང་ སློབ་ཕྲུག་ཚུ་གིས་ མོ་ལུ་ ངོ་རྒོལ་འབདཝ་ད་ མི་སེར་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་པའི་ གནད་ལུ་བརྟེན་ཏེ་ཨིན་པས།

དེ་བསྒང་ བློན་ཆེན་བགྲེསཔ་ ཤེག་ཧ་སི་ན་གིས་ ངོ་རྒོལ་འབད་མི་ཚུ་ བཀག་ཆ་འབད་ནིའི་དོན་ལས་ དབང་ཤུགས་ལག་ལེན་འཐབ་པའི་ རྐྱེན་ངན་ནང་ མི་གྲངས་ ༡,༤༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།

བློན་ཆེན་བགྲེསཔ་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པའི་ནང་ བྲོས་བྱོལ་འབད་དེ་ རྒྱ་གར་ལུ་ སོང་ཡོད་རུང་ བང་ལ་དེཤ་ལུ་ རྒྱལ་སྤྱི་ཉེས་ཅན་ཁྲིམས་འདུན་གྱིས་ ཁྲིམས་བཤེར་འབད་ཡོདཔ་ཨིན་པས།

ཁྲིམས་བཤེར་སྐབས་ལུ་ ཁྲིམས་རྩོད་པ་ཚུ་གིས་ མོ་ལུ་ ངོ་རྒོལ་ལས་རིམ་ནང་ མི་བརྒྱ་ལས་བཅད་དེ་ བསད་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་མ་ཚད་ ཤི་རྐྱེན་བྱུང་མི་དང་ རྨ་སྐྱོན་བྱུང་མི་ བཟའ་ཚང་ཚུ་གིས་ཡང་ ཉེས་ཁྲིམས་དམ་དྲགས་སྦེ་ བཀལ་དགོ་པའི་ ཞུ་བ་འབད་ནུག།

ཨིན་རུང་ བློན་ཆེན་བགྲེསཔ་ ཧ་སི་ན་གིས་ ཉེས་འཛུགས་དེ་ཚུ་ག་ར་ ཕྱོགས་ལྷུང་དང་ སྲིད་དོན་གྱི་དབང་ལུ་ སོང་ཡོདཔ་སྦེ་ བཤད་ཐོག་ལས་ ངོས་ལེན་མ་འབད་བར་ཡོདཔ་ཨིན་པས།

ཧ་སི་ན་དེ་ བྲོས་བྱོལ་འབད་དེ་ འགྱོ་བའི་ཤུལ་ལུ་ འཛམ་གླིང་ཞི་བདེའི་ རྟགས་མ་ཐོབ་མི་ མཧཱ་མཱད་ ཡུ་ནུཛ་དེ་ བང་ལ་དེཤ་གི་ གནས་སྐབས་གཞུང་གི་ བློན་ཆེན་སྦེ་ བསྐོ་བཞག་འབད་ནུག།

མ་གཞི་ སློབ་ཕྲུག་ཚུ་གིས་ ངོ་རྒོལ་དེ་ གཞུང་གཡོག་ནང་ བགོ་སྐལ་བཞག་སྲོལ་ཡོད་མི་དེ་ ཆ་མེད་གཏང་དགོ་པའི་ ཐོབ་བརྗོད་བཀོད་ཐོག་ལས་ འགོ་བཙུགས་ཡོད་རུང་ ཤུལ་ལས་ རྒྱབ་འགལ་སྦོམ་ཅིག་ལུ་ གྱུར་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: