ལེ་བཱ་ནཱོན་ལུ་ཡོད་མི་ པེ་ལེཛ་ཊིན་གྱི་ སྐྱབས་བཅོལ་བའི་ སྡོད་སྒར་སྦོ་ལོགས་ཁར་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལཝ་ལས་ མི་གྲངས་ ༡༣ ལུ་ཤི་རྐྱེན།

བི་བི་སི།

སྤྱི་ཟླ་ ༡༡ པའི་ཚེས་ ༡༩ ལུ་ ལེ་བཱ་ནཱོན་ གསོ་བའི་ལྷན་ཁག་ལས བཤད་དོ་བཟུམ་འབད་བ་ཅིན་ ལྷོ་ཕྱོགས་ལེ་བཱ་ནཱོན་ལུ་ཡོད་མི་ པེ་ལེཛ་ཊིན་གྱི་ སྐྱབས་བཅོལ་བའི་ སྡོད་སྒར་སྦོ་ལོགས་ཁར་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལཝ་ལས་ མི་གྲངས་ ༡༣ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།

དེ་ཡང་ ཨིཛ་རེལ་དམག་སྡེ་གིས་ པེ་ལེཛ་ཊིན་གྱི་ གོ་མཚོན་འབག་མི་སྡེ་ཚན་ ཧ་མཱཛ་གི་ འཐུས་མི་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ ཨིན་ཨིལ་ཧིལ་ཝི་ཟེར་མི་ སྦྱོང་བརྡར་འབད་སའི་ ས་ཁོངས་ནང་ གནོདཔ་བཀལ་ཡོདཔ་སྦེ་བཤད་ནུག།

དེ་མ་ཚད་ ས་གནས་དེ་ ཨིཛ་རེལ་ལུ་ གནོདཔ་བཀལ་ནིའི་དོན་ལས་ ཧ་མཱཛ་གིས་ འཆར་གཞི་བརྩམ་ཐོག་ལས་ ལག་ལེན་འཐབ་དོ་ཡོདཔ་སྦེ་ བཤདཔ་ཨིན་རུང་ ཧ་མཱཛ་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།

ཨིཛ་རེལ་གྱིས་ ཧ་མཱཛ་ལུ་ དེ་བཟུམ་མའི་ གནོད་འཚུབ་བཀལ་མི་དེ་ཡང་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཧ་མཱཛ་གིས་ ག་ཟ་ལས་ ལྷོ་ཨི་ཟི་རེལ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡,༢༠༠ དེ་ཅིག་ དམར་བསད་འབད་བའི་ཁར་ མི་གྲངས་ ༢༥༡ ཡང་ བཙན་ཁྲིད་འབད་ཡོདཔ་ལས་ ཨིཛ་རེལ་དམག་སྡེ་གིས་ ངན་ལན་འཇལ་ཐོག་ལས་ ག་ཟ་ལུ་ པེ་ལེཛ་ཊིན་གྱི་ མི་སེར་ ༦༩,༡༦༩ དེ་ཅིག་ དམར་བསད་འབད་ནུག།

དེ་བཟུམ་སྦེ་ ལེ་བཱ་ནཱོན་སྡེ་ཚན་གྱིས་ཡང་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཨིཛ་རེལ་གྱི་ ས་གནས་ཁག་གི་ནང་ རོ་ཀེཊ་ཟེར་མི་ མེ་ཤུགས་འཕུར་མདའ་ཚུ་ བཏང་པ་ལུ་བརྟེན་ཏེ་ ཨིཛ་རེལ་དང་ ཧེཛ་བཱོལ་ལའི་བར་ན་ འཛིང་འཁྲུག་ཡར་སེང་ སོང་ཡོདཔ་ཨིན་པས།

ག་དེ་སྦེ་ར་ཨིན་རུང་ ལེ་བཱ་ནཱོན་ལུ་ ཨིཛ་རེལ་གྱིས་ གནོདཔ་བཀལ་མིའི་ནང་ མི་སེར་ ༤,༠༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་སེར་ས་ཡ་ ༡.༢ ལྷགཔ་ཅིག་ཡང་ སྡོད་གནས་སྤོ་དགོཔ་ བྱུང་ཡོདཔ་ད་ དེ་བཟུམ་སྦེ་ ཨི་ཟི་རེལ་གྱི་ དམག་མི་ ༨༠ ལྷགཔ་ཅིག་དང་ མི་སེར་ ༤༧ དེ་ཅིག་ལུ་ཡང་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: