
པདྨ་དབང་འདུས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནངམ་བཞིན་དུ་ འབྲུག་གི་ཁ་ཐུག་ལས་ ཡུ་ཨེཛ་ཌོ་ལར་ ༢༠༠,༠༠༠ (འབུམ་གཉིས་) ཤྲཱི་ལངྐ་ལུ་ ཞལ་འདེབས་གནང་མི་དེ་ འབྲུག་གི་གཞུང་ཚབ་ དྲག་ཤོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ སྤྱི་ཟླ་ ༡༢ པའི་ཚེས་ ༨ ལུ་ ཀོ་ལོམ་བོ་ལུ་སྦེ་ ཤྲཱི་ལངྐའི་ ཕྱི་འབྲེལ་དང་ བལྟ་བཤལ་བློན་པོ་ བི་ཇི་ཐ་ཧེ་རཱཐ་ལུ་ རྩིས་སྤྲོད་འབད་ནུག།
ཞལ་འདེབས་དེ་ཡང་ ཤྲཱི་ལངྐ་ལུ་ རླུང་འཚུབ་དིཊ་ཝ་ཟེར་མི་གིས་ གནོད་རྐྱེན་སྦོམ་སྦེ་ར་ བྱུང་མི་ཚུ་ལུ་ གློ་བུར་རྒུད་གསོའི་ རྒྱབ་སྐྱོར་གྱི་དོན་ལུ་ཨིནམ་ད་ རླུང་འཚུབ་དེ་གིས་ མི་རློབས་ས་ཡ་ ༡.༧ ལྷག་མི་ལུ་ གནོད་སྐྱོན་བྱུང་ཡོད་མིའི་གྲས་ལས་ མི་གྲངས་ ༦༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ ལེ་ཤ་ཅིག་ཡང་ གར་སོང་མེད་པར་ བྱངསྟོར་ཤོར་ཡོདཔ་ཨིན་པས།
དེ་མ་ཚད་ རྐྱེན་ངན་དེ་གིས་ མངའ་སྡེ་ལེ་ཤ་ཅིག་ནང་ སྡོད་ཁྱིམ་དང་ གཞི་རྟེན་མཁོ་ཆས་ཀྱིས་གཙོས་པའི་ འཚོ་རྟེན་ཐོན་སྐྱེད་ཚུ་ཡང་ རྒྱ་ཆེ་ཏོག་ཏོ་སྦེ་ར་ མེདཔ་བཏང་ཡོདཔ་སྦེ་བཀོད་ནུག།
ད་རེས་ཀྱི་ མ་དངུལ་ཞལ་འདེབས་དེ་གིས་ དགོས་མཁོ་ཡོད་པའི་ དུས་སྐབས་ཚུ་ནང་ མི་དབང་མངའ་ཞབས་མཆོག་དང་ འབྲུག་གཞུང་ འབྲུག་མི་ཚུ་གི་ ཁ་ཐུག་ལས་ ཤྲཱི་ལངྐ་གི་ མི་སེར་ཚུ་དང་ གཅིག་སྒྲིལ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
འབྲུག་དང་ ཤྲཱི་ལངྐའི་བར་ན་ ཡུན་བརྟན་ཅན་གྱི་ མཐུན་ལམ་དང་ ཕན་ཚུན་ལུ་ གུས་ཞབས་དངབཅས་པའི་ མཉམ་འབྲེལ་ཚུ་ ནང་པའི་སྲོལ་འཁྱུན་དང་ ཞི་བདེ་དང་ལོངས་སྤྱོད་ཤོ་མཚུངས་ཀྱི་ རེ་འདུན་ལུ་ གཞི་བརྟེནམ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1389915
Views Today :
Total views : 5000
Who's Online :