འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་ཐང་ལས་ རྒྱལ་སྤྱིའི་འཕུར་འགྲུལ་དང་པ།

པདྨ་དབང་འདུས།

སྤྱི་ཟླ་ ༡༢ པའི་ཚེས་ ༨ ལུ་ དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་ཐང་ལས་ ཀཱོལ་ཏ་ཀ་དང་ ལོག་སྟེ་ར་ དགེ་ལེགས་ཕུག་ལུ་ འབྱུང་རབས་ཅན་གྱི་ གཞུང་འབྲེལ་འཕུར་འགྲུལ་ ཐེངས་དང་པ་ འགོ་འབྱེད་འབད་ཡོདཔ་ལས་ དགེ་ལེགས་ཕུག་དེ་ འབྲུག་གི་རྒྱལ་སྤྱི་ཐོན་འཛུལ་སྒོ་ར་ གསར་ཤོས་ཅིག་སྦེ་ གཞི་བཙུགས་འབད་ནུག།

གནམ་གྲུ་འཕུར་འགྲུལ་གྱི་ འགོ་འབྱེད་རྟེན་འབྲེལ་དེ་ནང་ མི་རྗེ་བློན་ཆེན་མཆོག་ དབུ་བཞུགས་ཐོག་ལུ་ འབྲུག་གཞུང་དང་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ཡིག་ཚང་ དེ་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལས་སྡེ་ བལྟ་བཤལ་ལས་ཁུངས་ འབྲུག་མཁའ་འགྲུལ་འཛིན་སྐྱོང་ སྐྱེལ་འདྲེན་ལས་ཁུངས་བཅས་ཀྱི་ ཆེ་མཐོའི་སྐུ་ཚབ་ཚུ་གིས་ གྲལ་གཏོགས་མཛད་ཡོདཔ་ཨིན་པས།

གཞུང་འབྲེལ་འཕུར་འགྲུལ་གྱི་ འགོ་འབྱེད་རྟེན་འབྲེལ་དེ་ཡང་ མར་ཆང་དང་ བཞུགས་གྲལ་ཕུན་སུམ་ཚོགས་པའི་སྒོ་ལས་ ལམ་སྲོལ་ཅན་གྱི་ རྣམ་གཞག་ཐོག་ལུ་ བརྩི་སྲུང་མཛད་ནུག།

གནམ་གྲུ་དེ་ ཀཱོལ་ཀ་ཏ་ལུ་ ནེ་ཏ་ཇི་ སུ་བྷཤ་ཅཱན་ད་ར་བཱོཛ་ རྒྱལ་སྤྱི་གནམ་ཐང་ནང་ ཆགས་པའི་སྐབས་ལུ་ ཆུ་དུང་ཀྲོབ་མདའི་ བསྟི་སྭ་ཐོག་ལས་ བསུ་བ་འབད་བའི་ཤུལ་ལུ་ མངར་ཟས་ཅིག་ཡང་ བཏོག་ཡོདཔ་ཨིན་པས།

གནམ་གྲུ་འཕུར་འགྲུལ་དེ་གིས་ ལུང་ཕྱོགས་མཐུད་སྦྲེལ་ བཙན་ཐབས་ཀྱིས་མ་དོ་བར་ བལྟ་བཤལ་དང་ ཚོང་འབྲེལ་ གྲ་སྒྲིག་ལས་དོན་ མ་རྩ་གཞི་བཙུགས་བཅས་ཀྱི་ ལས་སྡེ་ཚུ་ནང་ གོ་སྐབས་གསར་བཏོད་ཐོག་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཆེན་ཚོགས་ཀྱི་ དྲན་ཤེས་དང་ ཡུན་བརྟན་ མ་འོངས་པའི་ གོང་འཕེལ་བཅས་ཀྱི་ འཆར་སྣང་མདུན་བསྐྱོད་ལུ་ ཕན་ཐབས་འབྱུང་ནི་ཨིནམ་སྦེ་བཀོད་ནུག། 

འབྱུང་རབས་ཅན་གྱི་ འཕུར་འགྲུལ་དེ་གི་ཤུལ་ལས་ དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་ཐང་གི་ ཉེན་སྲུང་དང་ ལག་ལེན་ཚུ་ རྒྱལ་སྤྱི་མཁའ་འགྲུལ་གྱི་ ཉེན་སྲུང་དང་ ལག་ལེན་གྱི་ ཚད་གཞི་དང་འཁྲིལ་བའི་ ངོས་འཛིན་ཐོབ་ཡོདཔ་ཨིན་པས།

སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡༢ པའི་ཚེས་ ༡༢ ལས་ འབྲུག་མཁའ་འགྲུལ་གྱིས་ མཁའ་ལམ་དེ་གི་ཐོག་ལས་ རེས་གཟའ་མིག་དམར་དང་ སྤེན་པ་ལུ་ བདུན་རིམ་བཞིན་དུ་ ལན་ཐེངས་ ༢ རེ་ འཕུར་འགྲུལ་འབད་ནི་ཨིན་པའི་གནས་ཚུལ།

Please follow and like us: