
པདྨ་དབང་འདུས།
འདས་པའི་བདུན་ཕྲག་ནང་ མ་ལེ་ཤི་ཡའི་རྒྱལ་ས་ ཀོ་ལ་ལམ་པུར་ལུ་ཚོགས་མི་ ཨེ་ཤི་ཡའི་ ཉེན་སྲུང་མཐོ་དྲགས་ཀྱི་ དངུལ་ལོར་དཔར་བསྐྲུན་ཞལ་འཛོམས་ ༢༠༢༥ ཅན་མའི་ནང་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ དངུལ་ལོར་དྲག་ཤོས་ གསར་བཏོན་གྱི་ རྟགས་མ་ཐོབ་ནུག།
དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དེ་ཚེ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་ཆེན་ ཐེངས་ ༧༠ པའི་ དྲན་རྟེན་སྦེ་ གསལ་སྟོན་འབད་མི་ དངུལ་ལོར་ ༡༠༠ དང་ ༥༠༠ དེ་ལས་ ༡༠༠༠ བཅས་ལུ་ ད་རེས་ཐོབ་མི་ རྟགས་མ་དང་འབྲེལ་ཏེ་ རྒྱ་པཱན་གྱི་ དངུལ་ཁང་ལུ་ཡང་ གཟེངས་བསྟོད་ཀྱི་ སྐལ་བགོ་ཡོད་ལུགས་ བཤད་ཡོདཔ་ཨིན་པས།
དངུལ་ལོར་དབྱེ་ཞིབ་དེ་ ཉེན་སྲུང་གི་ ཁྱད་ཆོས་ཚུ་དང་ སྤྱིར་བཏང་བཟོ་རྣམ་གྱི་སྤུས་ཚད་ དེ་ལས་ ཡུན་ཐུབ་ཚད་གཞི་ཚུ་གུ་ གཞི་བརྟེན་ཐོག་ལས་འབད་ཡོདཔ་ད་ དངུལ་ལོར་ཚུ་ ཌེ་ལ་རུ་ལས་སྡེ་གིས་ བཟོ་བཀོད་འབད་དེ་ ཉེན་སྲུང་ཅན་གྱི་ སཱེཕ་གཱརཌ་ཟེར་བའི་ བཅོས་མའི་རྒྱུ་ཆ་གུ་ དཔར་བསྐྲུན་འབད་ཡོདཔ་ལས་ ཡུན་ཐུབ་དང་ ཡུན་བརྟན་ མི་མང་གི་ ངོས་འཛིན་ཚུ་ རྒྱ་ཆེ་བའི་ ཡར་དྲག་ཐོག་ལས་ ཨེ་ཤི་ཡ་དང་ པེ་སི་ཕིག་ ལུང་ཕྱོགས་ནང་ལས་ རྒྱལ་ཁབ་ ༥༡ དང་ མཐར་འཁྱོལ་ཅན་སྦེ་ འགྲན་བསྡུར་འབད་ནུག།
དངུལ་ལོར་གསརཔ་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡ པའི་ནང་ལས་ བཀྲམ་སྤེལ་འབད་ནི་ཨིནམ་ད་ དངུལ་ལོར་ ༥༠༠ དང་ ༡༠༠༠ གུ་ དེང་དུས་ཀྱི་ ཁྱད་ཆོས་ཚུ་དང་སྦྲགས་ཏེ་ སྣ་འཛིངས་ཅན་གྱི་ འབུར་རིས་ཚུ་དང་ ནོར་བུ་འཛིན་པའི་ འབྲུག་རིས་བཀོད་དེ་ཡོད་མི་ཚུ་གིས་ རིག་རྩལ་གསར་བཏོད་དང་ ཁྱད་ཆོས་ཀུན་ཚང་ དེ་ལས་ རྒྱལ་བརྒྱུད་རིང་ལུགས་ ཡུན་གནས་ཚུ་ལུ་ བརྩི་བཀུར་སྦོམ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
དངུལ་ལོར་དེ་ཚུ་ཡང་ བཅོས་མའི་རྒྱུ་ཆ་པོ་ལི་མར་གུ་ དཔར་བསྐྲུན་འབད་ཡོདཔ་ལས་ ལམ་སྲོལ་ཅན་གྱི་ ཤོག་གུ་དང་ཕྱདཔ་ད་ མཐའ་འཁོར་གནས་སྟངས་ཀྱི་ ཡུན་བརྟན་ལུ་ ཁེ་ཕན་སྦོམ་ཡོདཔ་ད་ དངུལ་ལོར་གསརཔ་ཚུ་ དངུལ་ལོར་རྙིངམ་དང་ སྡེ་གཅིག་ཁར་སྦེ་ བཀྲམ་སྤེལ་འབད་ནི་དང་ དེ་ཡང་ ལག་ལེན་སོར་སྒྱུར་ བྱ་སྟབས་བདེ་ཏོག་ཏོ་ བཟོ་ཐབས་ལུ་ཨིནམ་སྦེ་བཀོད་ནུག།
དེ་བཟུམ་མའི་ བཀྲམ་སྤེལ་གྱི་ ཐབས་ལམ་དེ་ཡང་ དངུལ་ལོར་ལག་ལེན་འཐབ་མི་ཚུ་གིས་ དངུལ་ལོར་གསརཔ་གི་ ཁྱད་ཆོས་ཚུ་ ལེགས་ཤོམ་སྦེ་ ངོ་ཤེས་ཚུགསཔ་ བཟོ་ཐབས་ལུ་དམིགས་ཏེ་ཨིན་པས།
ད་རེས་ དངུལ་ལོར་གསར་བཏོན་ལུ་ རྒྱལ་སྤྱིའི་གནས་རིམ་ནང་ གཟེངས་བསྟོད་མཐོ་ཤོས་ ཐོབ་མི་དེ་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་ལོར་གསར་བཏོད་དང་ ཉེན་སྲུང་ ཡུན་བརྟན་བཅས་ལུ་ ཁས་ལེན་ཡོད་པའི་ ཆ་གནས་ཀྱི་ བརྡ་མཚོན་སྟོན་པའི་ཁར་ དངུལ་ལོར་གསརཔ་ཚུ་ དངུལ་ཟོལ་གྱི་ དབང་ལུ་ཤོར་ནིའི་ ཉེན་ཁ་མེདཔ་ལས་ མི་མང་གིས་ བློ་གཏད་ཚུགསཔ་ཡོདཔ་སྦེ་བཀོད་ནུག།
གཟེངས་བསྟོད་རྟགས་མ་དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་དོན་ལུ་ མདུན་བསྐྱོད་ཀྱི་ལས་སྣ་ གལ་གནད་ཅན་ཅིག་ཨིན་པའི་ཁར་ འབྲུག་གི་རྒྱལ་སྤྱིའི་ཏི་རུ་དང་ ཉེན་སྲུང་ལྡན་པའི་ དངུལ་ལོར་དཔར་བསྐྲུན་ནང་ ཡོངས་གྲགས་ཐོན་པའི་ བརྡ་མཚོན་ཡང་སྟོནམ་ཨིན་པས།
རྟགས་མ་དེ་ལུ་བརྟེན་ཏེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ འཕྲོ་མཐུད་དེ་ར་ དངུལ་ལོར་དཔར་བསྐྲུན་ནང་ མཆོག་འགྱུར་དང་ རིག་རྩལ་གསར་བཏོད་ བཟོ་བཀོད་དང་ བཀྲམ་སྤེལ་ཚུ་ ཡུན་བརྟན་ཅན་བཟོ་ནིའི་ནང་ སེམས་སྐུལ་གྱི་གཞི་ལུ་ཡང་ གྱུར་ཡོདཔ་སྦེ་བཀོད་ནུག།
རྒྱ་གཞུང་དངུལ་ལས་དབང་འཛིན་གྱིས་ མཐར་འཁྱོལ་དེ་ལུ་ གཞི་བརྟེན་ཐོག་ལས་ རྒྱལ་ཁམས་ཀྱི་ ཏི་རུའི་དྲང་བདེན་ ཉེན་སྲུང་འབད་ནི་ལུ་ ཁས་ལེན་ཡོད་པའི་ཁར་ མ་འོངས་པར་ཡང་ གྲུབ་འབྲས་ཀྱི་ ཚད་གཞི་གསར་བཀོད་འབད་ནི་ལུ་ ཁས་ལེན་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།





Users Today : 274
Users Yesterday : 3320
This Month : 90718
This Year : 386684
Total Users : 1098500
Views Today : 372
Total views : 3071432
Who's Online : 14