རྒྱ་གར་གྱི་རྒྱལ་ས་ དིལླིའི་ས་ཁོངས་ནང་ བཙོག་རླུང་མར་ཕབ་འབད་ཐབས་ལུ་ སྣུམ་འཁོར་ཚུ་ འགྲུལ་སྐྱོད་བཀག་དམ།

རོའི་ཊརཛ།

སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ རྒྱ་གར་གྱི་རྒྱལ་ས་ དིལླི་ལུ་ཡོད་མི་ དབང་འཛིན་ཚུ་གིས་ བཙོག་རླུང་མར་ཕབ་འབད་ཐབས་ལུ་ ཐབས་ལམ་དམ་དྲགས་ཚུ་ བཏོན་ཡོདཔ་ད་ དེ་ཡང་ བཙོག་རླུང་བཀག་འཛིན་གྱི་ ལམ་ལུགས་གསརཔ་དང་འཁྲིལ་ཏེ་ གཞུང་སྒེར་གྱི་ ཡིག་ཚང་ཚུ་ནང་ འགྲུལ་སྐྱོད་འབད་མི་ སྣུམ་འཁོར་ཚུ་ བཀག་དམ་འབད་ནུག།

དེ་ཡང་ མི་སེར་ས་ཡ་ ༣༠ དེ་ཅིག་ཡོད་མི་ དིལླི་ལུང་ཕྱོགས་ནང་ འདས་པའི་ཉིནམ་དག་པ་ཅིག་གི་རིང་ལུ་ རླུང་མའི་སྤུས་ཚད་དེ་ ཚབས་ཆེན་སྦེ་ར་ ཡར་འཕར་སོང་སྟེ་ ཁྲོམ་སྡེའི་ས་ཁོངས་ཚུ་ནང་ ས་སྨུག་སྟུག་དྲགས་ཅིག་ལུ་ གྱུར་ཡོདཔ་ལས་ གནམ་གྲུ་དང་ རེལ་ལི་ཚུ་ལུ་ཡང་ ཐོ་ཕོག་ཡོདཔ་ཨིན་པས།

དེ་འབདཝ་ལས་ ཁྲོམ་སྡེ་དེ་ནང་ བཟོ་སྐྲུན་དང་ མི་མང་ལས་འགུལ་ དེ་ལས་ སློབ་གྲྭ་ཁག་གི་ནང་ ས་སྣུམ་ཌི་ཟཱལ་ ལག་ལེན་འཐབ་མི་ སྣུམ་འཁོར་ཊག་རྙིངམ་ཚུ་ཡང་ གནས་སྐབས་ཅིག་ འཛུལ་ཞུགས་འབད་ནི་ལས་ བཀག་དམ་འབད་ནུག།

ས་གནས་གཞུང་གི་བློན་པོ་ ཀ་པིལ་མིཤ་ར་གིས་ གཞུང་དང་ སྒེར་སྡེའི་ཡིག་ཚང་གི་ ལཱ་བརྒྱ་ཆ་ ༥༠ དེ་ཅིག་ ཡིག་ཚང་ནང་དང་ དེ་གི་ལྷག་ལུས་ཚུ་ ཁྱིམ་ནང་ལས་ ལག་ལེན་འཐབ་དགོ་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཐོ་བཀོད་འབད་དེ་ཡོད་པའི་ ཉིན་བསྟར་གྱི་ གླ་རྔན་ཐོག་ལུ་ འཚོ་བ་སྐྱོང་མི་ བཟོ་སྐྲུན་ལས་བྱེདཔ་ཚུ་ཡང་ བཀག་ཆ་འབད་ཡོདཔ་ལས་ རྒུད་འཐུས་རུ་པི་ ༡༠,༠༠༠ རེ་ བྱིན་ནི་ཨིན་པའི་སྐོར་ལས་ཡང་ བློན་པོ་ཀ་པིལ་མིཤ་ར་གིས་ གནས་ཚུལ་ཞལ་འཛོམས་ཅིག་ནང་ གསལ་བཤད་འབད་ནུག།

རླུང་མའི་སྤུས་ཚད་ འཛིན་སྐྱོང་ལྷན་ཚོགས་ཀྱིས་ དིལླི་དང་ ཉེ་འདབས་ཀྱི་ ས་གནས་ཚུ་ནང་ རླུང་མའི་སྤུས་ཚད་དེ་ གནས་རིམ་མཐོ་ཤོས་ལུ་ ལྷོད་ཡོད་པའི་སྐོར་ལས་ ཉེན་བརྡ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: