སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༨ པའི་ དགའ་སྟོན་རྟེན་འབྲེལ་ བརྩི་སྲུང་ཞུ་ཡོདཔ།

པདྨ་དབང་འདུས་དང་ མགོན་པོ་རྡོ་རྗེ།

ལོ་བསྟར་བཞིན་དུ་ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་འདི་ རྒྱལ་ཁབ་ནང་འཁོད་ལུ་མ་ཚད་ ཕྱི་རྒྱལ་ཁག་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཡིག་ཚང་དང་ འབྲུག་པའི་མི་སྡེ་ཚུ་གིས་ཡང་ དགའ་སྤྲོ་དང་བཅས་པའི་སྒོ་ལས་ བརྩིས་སྲུང་ཞུ་དོ་ཡོདཔ་ཨིན་པས།

དུས་ཅི་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༨ པའི་ དགའ་སྟོན་རྟེན་འབྲེལ་ གཙོ་བོ་འདི་ ཨྱོན་གུ་རུ་རིན་པོ་ཆེའི་ སྦས་གནས་ཁྱད་པར་ཅན་ བུམ་ཐང་ལུ་ རྒྱལ་རབས་ཅན་གྱི་ དབང་འདུས་ཆོས་གླིང་ཕོ་བྲང་གི་ ཐང་བཟོ་ནང་སྦེ་ བརྩི་སྲུང་ཞུ་གནང་ཡི།

 བུམ་ཐང་ལུ་ རྒྱལ་ཡོངས་དུས་ཆེན་གྱི་ དགའ་སྟོན་རྟེན་འབྲེལ་དེ་ཁར་ མི་དབང་ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ དེ་ལས་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ དབུ་བཞུགས་མཛད་གནང་ནུག།

དེ་མ་ཚད་ མི་རྗེ་བློན་ཆེན་དང་ བློན་པོ་ལྷན་རྒྱས་ དགེ་འདུན་གྲྭ་ཚང་ཁག་གི་ བླ་སློབ་ལྷན་རྒྱས་ གཞུང་གི་དཔོན་ཁག་ དེ་ལས་ རྒྱལ་སྤྱིའི་སྐུ་ཚབ་ཡིག་ཚང་ཁག་གི་ དོན་གཅོད་འགོ་དཔོན་ཚུ་དང་ མི་སེར་ཁྲི་ཕྲག་ལས་བཅད་མི་ཚུ་གིས་ཡང་ གྲལ་གཏོགས་མཛད་དེ་ རྒྱལ་ཡོངས་དུས་ཆེན་འདི་ ག་ནི་བ་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ བརྩི་སྲུང་ཞུ་ཡོདཔ་ཨིན་པས།

དེ་བསྒང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ལུ་ གསུང་བཤད་གནང་པའི་ནང་གསལ་ དུས་ཅི་ རྒྱལ་ཡོངས་དུས་ཆེན་འདི་ ང་བཅས་རའི་ ཁྱད་དུ་འཕགས་པའི་རྒྱལ་པོ་ མ་འོངས་མངོན་གཟིགས་ཅན་ བཀྲིན་ཅན་གྱི་ཕམ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་ ༧༠ བཞེས་པའི་ འཁྲུངས་སྐར་དུས་ཆེན་དང་ རྒྱལ་ཁབ་ནང་ ག་ནི་བ་ རྩ་ཆེ་བའི་ ཕྱག་ལཱ་གསརཔ་ འགོ་བཙུགས་ཡོད་མི་འདི་ ང་བཅས་རའི་ མི་སེར་ཚུ་གིས་ ལེགས་ཤོམ་སྦེ་ར་ ཧ་གོ་ནི་དང་ ང་ར་ཡང་ རྒྱལཔོ་མཛད་དེ་ མི་ལོ་ ༢༠ འཁོར་དོ་ཡོདཔ་ལས་ ད་ལས་ཕར་ ང་བཅས་ རྒྱལ་བློན་འབངས་ ༣ ལགཔ་གཅིག་ཁར་མཐུད་དེ་ ཁྱིམ་གཅིག་ནང་གི་ བཟའ་ཚང་བཟུམ་སྦེ་ མནོ་བས་གཅིག་ཁར་གཏང་ ག་དེ་དྲག་དྲག་ རྡོགཔ་དྲེགས་ཏེ་ ཕྱག་ལཱ་མཛད་གོཔ་ ལེ་ཤ་ཅིག་ཡོད་ཟེར་ གསུངས་གནང་ཡི།

ད་རིས་ བུམ་ཐང་ལུ་ གུ་རུ་རིན་པོ་ཆེ་དང་ ཀློང་ཆེན་རབ་འབྱམས་ཀྱིས་ བྱིན་གྱིས་བརླབས་པའི་ གནས་ཁྱད་པར་ཅན་དང་ པདྨ་གླིང་པའི་གདན་ས་ དབང་ཕྱུག་བརྒྱུད་འཛིན་གྱི་རྒྱལཔོ་ དེ་བསྒང་ སྡེཔ་འཇིགས་མེད་རྣམ་རྒྱལ་གྱིས་ དབང་འདུས་མཆོག་གླིང་གི་ གཟིམ་ཅུང་འདི་ མི་ལོ་ ༡༦༨ ཀྱི་ཧེ་མ་ བསྒྲུབས་གནང་ཡོདཔ་ད་ འབྲུག་རྒྱལ་དང་པ་ གོང་ས་ཨོ་རྒྱན་དབང་ཕྱུག་ཡང་ གཟིམ་ཅུང་འདི་ནང་ སྐུ་འཁྲུངས་ཡོདཔ་ལས་ བྱིན་རླབས་ཅན་གྱི་ ས་གནས་འདི་ནང་ མི་སེར་ཚུ་དང་གཅིག་ཁར་ རྒྱལ་བ་གོངམ་ཚུ་ལུ་ བཀྲིན་བསམ་ནི་དང་ གུས་བཏུད་ཞུ་ནི་ ད་ལས་ཕར་ རང་གི་འགན་ཁུར་ཚུ་ཡང་ སེམས་ཁར་དྲན་ཏེ་ ཕྱག་ལཱ་ཚུ་ འཇིག་སྣང་དང་ འཐུས་ཤོར་མེད་པར་ གནང་ནི་གི་ དམ་བཅའ་ཕུལ་བའི་ ཉིནམ་ཁྱད་པར་ཅན་འདི་ བུམ་ཐང་ལུ་ བརྩི་སྲུང་ཞུ་ཚུགསཔ་ལས་ སྐལ་བ་བཟང་ཡི་ཟེར་ཨིན་པས།

རྒྱལ་ཡོངས་དུས་ཆེན་གྱི་ ཉིནམ་འདི་ཁར་ རྟེན་འབྲེལ་ག་དེ་སྦེ་ རྩིས་དོ་ག་དང་ གསུང་བཤད་ག་དེ་སྦེ་ གནང་དོ་ག་ཟེར་ ང་བཅས་རའི་ རྫོང་ཁག་ ༢༠ དང་ རྒེད་འོག་ ༢༠༥ གི་ མི་སེར་ལ་ལུ་ཅིག་གིས་ རྒྱང་མཐོང་ནང་སྦེ་ མཇལ་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ རྒྱང་བསྒྲགས་རེ་ཌིའོ་གི་ཐོག་ལས་ ཉན་དོ་ཡོད་པའི་ཁར་ དེ་གི་ནང་ལས་ཡང་ ང་བཅས་རའི་ ཨ་ལོ་བུཚ་དང་བུམོ་ཚུ་ ལ་ལོ་ཅིག་ དཔེ་ཆ་ལྷབ་མི་དང་ ལ་ལོ་ཅིག་ གནས་སྐབས་ཀྱི་ ལཱ་འབད་དེ་ ཨཱཛ་ཊེ་ལི་ཡ་དང་ ཡུ་ཨེཛ་ མི་ཌལ་ཨིཛ་ ཇ་པཱན་ རྒྱ་གར་རྒྱལ་ཁབ་ཚུ་ནང་ཡོད་མི་ཚུ་ཡང་ ང་བཅས་ཀྱིས་ སེམས་ཁར་དྲན་ཏེ་ར་ཡོད་ཟེར་ གསུངས་གནང་ཡི།

ང་བཅས་རའི་ མི་སེར་ག་ར་གིས་ ཤེས་དོ་བཟུམ་སྦེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ མ་འོངས་པའི་དོན་ལས་ འབྲུག་གི་དཔལ་འབྱོར་ལུ་ གཞན་དང་མ་འདྲ་བའི་ གལ་ཆེ་དྲགས་ཅིག་ཨིནམ་ལས་ དུས་ཅི་ ལོ་ ༡ གི་ ནང་འཁོད་ལུ་ ཕྱག་ལཱ་ཚུ་ ག་དེ་སྦེ་ར་ སོང་ཡི་ག་གི་སྐོར་ལས་ མི་སེར་ཚུ་ལུ་ གསུངས་གནང་ཡོདཔ་ཨིན་པས།

དེ་ཡང་ ང་བཅས་རའི་ མི་སེར་ཚུ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ སྦུང་འགུལ་ཐོག་ལས་ ཕྱག་ཞུ་ནིའི་དོན་ལུ་ གོ་སྐབས་ལོགས་སུ་སྦེ་ བཟོ་གནང་དགོ་པའི་ ཞུ་བ་ཕུལཝ་བཞིན་དུ་ དུས་ཅི་ ལོ་ ༡ ལུ་ ཁས་བླངས་ལས་རིམ་ཁག་ ༣ འགོ་འདྲེན་འཐབ་མིའི་ནང་ མི་ངོམ་སྟོང་ཕྲག་ ༡༧ ལྷགཔ་ཅིག་ ཕྱག་ཞུ་བར་ ལྷོད་ཡོདཔ་ད་ ཁས་བླངས་ལས་རིམ་དེ་ནང་ རྗེ་བཙུན་དང་ ང་བཅས་ ཕ་སྤད་ཚུ་ཡང་ ཕྱག་ལཱ་གནང་པར་ བྱོན་ཡོདཔ་ལས་ དེ་བསྒང་ ཨ་རྒས་ཨང་རྒས་དང་ ཨཔ་དང་ཨའི་ བུ་དང་བུམོ་ ཚ་བོ་དང་ ཚམོ་ཚུ་འབདཝ་ད་ མི་རབས་ ༤ དེ་རེ་གིས་ ཁས་བླངས་ཞབས་ཏོག་ནང་ གྲལ་གཏོགས་འབད་བའི་ཁར་ ཆོས་སྒོར་བཞུགས་མི་ དགེ་སློང་དང་ ཨ་ནེམོ་ཚུ་གིས་ཡང་ གྲལ་གཏོགས་འབད་ཡི་ཟེར་ གསུངས་གནང་ནུག།

དེ་བཟུམ་སྦེ་ ཚོང་པ་ཚུ་གིས་ ཁས་བླངས་ཞབས་ཏོག་གི་ ལཱ་འབད་མི་ཚུ་ལུ་ ཇ་དང་ ཉིན་མའི་བཞེས་སྒོ་ ཨ་ཡིཛ་ཀི་རིམ་ཚུ་ཡང་ འབག་འོང་སྟེ་ ཞལ་འདེབས་སྦེ་ ཕུལ་བའི་ཁར་ ཞི་གཡོདཔ་དང་ དཔོན་ཁག་ དམག་མི་བགྲེསཔ་ཚུ་ཡང་ ལེ་ཤ་ཅིག་ར་ ལཱ་འབད་བར་ འོང་པའི་ནང་ལས་ཡང་ དགུང་ལོ་ ༩༠ གོ་གྲངས་ནང་འབད་མི་ སློབ་དཔོན་བོ་སོ་དཀརཔོ་གིས་ཡང་ བཅའ་མར་གཏོགས་སར་གཟིགསཔ་ལས་ དགའ་ཚོར་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།

ང་བཅས་ཆ་ཁྱབ་ འཛམ་གླིང་རྒྱལ་ཁབ་ ལེ་ཤ་ཅིག་བསྐོར་ཏེ་ བཞེས་སྒོ་འདྲ་མིན་སྣ་ཚོགས་ ཟ་མི་དང་ ཁྱིམ་ནང་ལོག་ལྷོད་དེ་ ལོ་ཆོག་སྐབས་ལུ་ ཨའི་གིས་ འཛར་བཅོམ་འབད་དེ་ བཟོ་བྱིན་མི་ བྱོ་ལ་དེ་ འདྲ་ར་མི་འདྲ་ ནམ་ར་འབད་རུང་དེ་ར་ཞིམ་ ནམ་ར་འབད་རུང་དེ་ར་འཚོལཝ་ཨིན་ དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ ཕྱག་ལཱ་འབད་རུང་ ཅོག་ར་འཐད་པས་ སྲིད་བྱུས་ཅིག་བརྩམས་ རྒྱུ་དངོས་ཚུ་ རོགས་ལུ་རྩིས་སྤྲོད་དེ་ རྟིང་བདའ་རྩིས་དག་རེ་ བཏང་མི་བ་འདི་ མི་སེར་གྱིས་ དད་པ་དང་ མོས་གུས་བསྐྱེད་ཐོག་ལས་ ག་དེ་དྲག་དྲག་ སྨོན་ལམ་བཏབ་སྟེ་ ཕྱག་ཞུ་བར་འོངམ་ད་ རང་གི་ཨའི་གི་ལྟོ་བཟུམ་སྦེ་ བྱིན་རླབས་ར་ མི་འདྲ་བས་ འ་ནི་ལུ་ དུས་ནམ་ཡང་ མ་བརྗེད་པའི་ བཀྲིན་དགའ་ཚོར་ཡོད་ཟེར་ གསུངས་གནང་ཡི།

དེ་ལས་ གོང་འཕེལ་དངུལ་འཛིན་འགན་ལེན་ཟེར་མི་ འགོ་བཙུགས་མི་ལུ་ཡང་ མི་སེར་ཆེ་འབྲིང་ཆུང་ ༣ ག་ར་གིས་ བཅའ་མར་གཏོགས་པའི་གུ་ ཕྱི་རྒྱལ་ལུ་ ལཱ་འབད་སྡོད་མི་ འབྲུག་མི་ཚུ་གིས་ཡང་ དཀའཝ་སྤྱད་དེ་ཐོབ་པའི་ མ་དངུལ་ཚུ་ དུམ་དྲ་ཅིག་ཨིན་རུང་ ཕུལ་དགོ་ཟེར་ རྩ་འགེངས་ཕུལ་མི་དེ་ ད་རེས་ རྒྱལ་ཁབ་ཀྱི་ ཕྱག་ལཱ་མཛད་མི་ལུ་ མི་སེར་གྱིས་ བློ་གཏད་དང་ རྒྱབ་སྐྱོར་ཡོད་པའི་ རྟགས་མཚན་ཨིན་ཟེར་ གསུངས་གནང་ནུག།

མ་གཞི་ དགེ་ལེགས་ཕུག་དེ་ ས་མཐའ་ས་དང་ བསིལ་དྲོད་ལྡན་ཏོག་ཏོ་ སྒོ་ཡངས་ཏོག་ཏོ་ ཞིང་དང་ ནགས་ཚལ་གྱི་སྦུག་ན་ དགའ་ཏོག་ཏོ་ཡོད་རུང་ བུང་ཐང་བཟུམ་ཅིག་ལུ་ དཔྱེ་བཞག་པ་ཅིན་ རྒྱལ་བ་གོངམ་ཚུ་གི་ བཀྲིན་ལས་ ལྷ་ཁང་དགོན་སྡེ་དང་ རྫོང་གཞི་ མཆོད་རྟེན་ གནས་རྩ་ཆེ་དྲགས་ གཡུས་སྒོ་ཚུ་ཡང་ ག་ནི་བ་ འཇའ་ཆི་ཆི་སྦེ་ཡོད་དོ་བཟུམ་སྦེ་ དགེ་ལེགས་ཕུག་ལུ་མེདཔ་ལས་ རྗེ་མཁན་པོ་དང་ གཞུང་གྲྭ་ཚང་ སྤྲུལ་སྐུ་ཚུ་ལུ་ དགེ་ལེགས་ཕུག་དེ་ཡང་ ས་སྟོང་མ་བཞག་པར་ ཟངས་མདོག་དཔལ་རི་དང་ ལྷ་ཁང་དགོ་སྡེ་ ཆོས་དོན་ལྟེ་བ་ཚུ་ གཞི་བཙུགས་མཛད་དེ་ བྱིན་རླབས་ཆེ་ཏོག་ཏོ་སྦེ་ བཟོ་གནང་དགོ་པའི་ ཞུ་བ་མཛད་མི་དང་བསྟུན་ཏེ་ ཁོང་གིས་ཡང་ སྤྲོ་བ་སྦོམ་བསྐྱེད་དེ་ ལོ་གཅིག་གི་ནང་ར་ ལས་འགུལ་ ༣༠ ལྷགཔ་ཅིག་གི་ ཞུ་བ་ལྷོད་མི་ཚུ་གི་གྲས་ལས་ ལས་འགུལ་ ༡༤ ལུ་ བཀའ་གྲོལ་གནང་ཡོད་མི་ཚུ་ཡང་ བྱ་རུང་ཁ་ཤོར་མཆོད་རྟེན་དང་ རྡོར་གདན་བཀྲིས་སྒོ་མང་མཆོད་རྟེན་ ཤམ་བྷ་ལ་རྫོང་ གུ་རུ་སྣང་སྲིད་ཟིལ་གནོན་ལྷ་ཁང་ ཨྱོན་ནོར་ལྷའི་ལྷ་ཁང་ བཀའ་འགྱུར་ལྷ་ཁང་ ཀུ་རུ་ཀུལླི་ལྷ་ཁང་ འབྲུག་ཨྱོན་བསམ་ཡས་གླིང་ སྐལ་བཟང་མདོ་སྔགས་བཤད་སྒྲུབ་གླིང་ ཇོ་བོ་འབྱམས་པའི་ལྷ་ཁང་ བཛྲ་ཀཱི་ལ་ཡའི་ལྷ་ཁང་ བར་ཆད་ཀུན་སེལ་མཆོད་རྟེན་ སྒྲོལ་མའི་ཞིང་བཀོད་ དགེ་བསྙེན་གནས་ཁང་ཚུ་ཨིན་པས། 

དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་གྲུ་ཐང་དེ་ སྤྱི་ལོ་ ༢༠༢༩ ལུ་ མཇུག་བསྡུ་བའི་བསྒང་ལས་ བལྟ་བཤལཔ་ཚུ་ རྒྱལ་ཁབ་ནང་ ལྷོད་པའི་སྐབས་ལུ་ དགེ་ལུགས་ཕུག་ཟེར་མིན་པར་ འབྲུག་རྒྱལ་ཁབ་ཟེར་ ལྷ་ཁང་དགོན་སྡེ་དང་ རྫོང་གཞི་ཚུ་མཇལ་ཏེ་ བྱིན་རླབས་ཚུ་ཞུ་འབདཝ་ད་ མི་ཚུ་ ཧ་ལས་ཚུགསཔ་དང་ ངལ་ཏོག་ཏོ་སྦེ་ བཟོ་ནི་དེ་ ག་ནི་བ་ གལ་ཆེ་བའི་ཁར་ བྱིན་རླབས་ཅན་གྱི་ ཆོས་འབྲེལ་ཁྲོམ་ཚོགས་སྦེ་ གནས་ནི་ཨིན་མི་ འཆར་སྣང་འདི་ འགྲུབ་ཐབས་ལུ་ ཆོས་ཀྱི་དབུ་ཁྲིདཔ་ཚུ་དང་ གཏོང་ཕོད་ཅན་གྱི་ ཕན་འདེབས་འབད་མི་ སྦྱིན་བདག་ཚུ་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ཟེར་ གསུངས་གནང་ཡི།

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ མཐར་འཁྱོལ་གྱི་དོན་ལས་ དམིགས་བསལ་གྱི་ ཁྱད་རིག་ལས་སྣ་ཚུ་ནང་ རྒྱལ་སྤྱིའི་མཁས་མཆོག་ཚུ་ བཙུགས་ཏེ་ཡོད་རུང་ དུས་གཏན་འཇགས་ར་ ཕྱི་ཁའི་མཁས་མཆོག་ལུ་བརྟེན་ཏེ་ གནས་མི་ཚུགས་ནི་ཨིནམ་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ མཐར་ཐུག་ལུ་ རང་དབང་གི་ཐོག་ལས་ འཛིན་སྐྱོང་འཐབ་ཐབས་ལུ་ ག་དེ་དྲག་དྲག་ བཅའ་མར་གཏོགས་ཐོག་ལས་ ལྷབ་སྦྱང་འབད་དེ་ ན་གཞོན་ཚུ་ ལྕོགས་གྲུབ་ཡོདཔ་ བཟོ་ནིའི་དོན་ལུ་ དུས་ཅི་ལས་ དཔལ་སྲུང་ཟེར་མི་ཅིག་ཡང་ འགོ་བཙུགས་ཡོདཔ་ད་ དཔལ་སྲུང་གི་དོན་ལུ་ ང་བཅས་རའི་ འབྲུག་མི་ན་གཞོན་ དྲག་ཤོས་ཚུ་ གདམ་ཁ་རྐྱབ་སྟེ་ ཕྱི་ཁའི་མཁས་མཆོག་ཚུ་གི་ ཤུལ་བདའ་སྟེ་ ལྷབ་སྦྱང་འབད་ཐབས་ལུ་ཨིནམ་ལས་ མ་འོངས་པར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ ལག་ལེན་འཐབ་ནི་ལུ་ བློ་གཏད་ཚུགས་པའི་ མི་སེར་ལུ་ བསྒྱུར་བཅོས་འབད་ནི་ཨིནམ་བཞིན་དུ་ ང་བཅས་རའི་ ན་གཞོན་ཚུ་གིས་ཡང་ འགན་ཁུར་འབག་ནིའི་དོན་ལས་ གྱངས་ཁ་མ་ཆོདཔ་སྦེ་ གདོང་ཁར་ཐོན་འོང་མི་དང་ དེ་བཟུམ་མའི་ ཁས་ལེན་དང་ བརྩོན་ཤུགས་ལུ་ཡང་ ཐུགས་ངལ་རངས་ཡོད་ཟེར་ཨིན་པས།

སྤྱི་ལོ་ ༢༠༢༩ ལུ་ དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་ཐང་དེ་ མཇུག་བསྡུ་ནི་གི་ དམིགས་གཏད་བསྐྱེད་མི་ བསྒྲུབ་ཐབས་ལུ་ མི་སེར་ཚུ་གིས་ ཉིན་ནུབ་མེད་པར་ ཐང་ཆད་ནི་མེད་པའི་ ལཱ་འབད་མི་དེ་ལུ་ མི་དབང་ཞབས་ལས་ ལཱ་དེ་ཚུ་ ས་ལཱ་རྡོ་ལཱ་མིན་པར་ ཁྱེད་ར་ ཚོགས་བསགས་ནི་དང་ དགེ་བའི་ལཱ་ཨིན་ཟེར་ གསུངས་གནང་ཡོདཔ་ད་ དེ་ཡང་ ཧེ་མ་ ང་བཅས་རའི་ ཕམ་ཚུ་གིས་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་བར་ན་ དཀའཝ་སྤྱད་དེ་ གཞུང་ལམ་བཏོན་ནི་དེ་གིས་ འབྲུག་ལུ་ ཡ་མཚན་ཆེ་བའི་ འགྱུར་བ་འབག་འོང་མི་དང་ ཅོག་ཅིགཔ་སྦེ་ གནམ་གྲུ་ཐང་དེ་ཨིནམ་ལས་ ད་རེས་ ང་བཅས་ཀྱིས་ ལཱ་འབད་མི་དེ་གིས་ རྒྱལ་ཁམས་སྒྲིང་སྒྲིང་དང་ ལོངས་སྤྱོད་དང་ལྡནམ་བཟོ་སྟེ་ གུ་རུ་རིན་པོ་ཆེ་དང་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་བཤུལ་བཞག་ དམ་པའི་ཆོས་ ཁྱབ་སྤེལ་འབད་ཚུགསཔ་ བཟོ་ནི་ཨིནམ་ལས་ ཟངས་མདོག་དཔལ་རི་ སྟོང་ཕྲག་ ༡༠ བཞེངསམ་དང་འདྲ་བའི་ ལས་འབྲས་འཐོབ་ནི་ཨིནམ་སྦེ་ གསུངས་གནང་ནུག། 

ད་རེས་ རྒྱལ་སྤྱི་གནམ་ཐང་གི་ལཱ་ཚུ་ འཕྲོ་མཐུད་དེ་འབད་བའི་བསྒང་ཨིན་རུང་ དགེ་ལེགས་ཕུག་ལས་ ཀཱོལ་ཀ་ཏ་ལུ་ གནམ་གྲུ་འཕུར་འགྲུལ་འབད་ནི་ འགོ་བཙུགས་མི་དེ་ཡང་ དགེ་ལེགས་ཕུག་ལུ་ རྒྱལ་སྤྱིའི་ལས་སྡེ་ཚུ་གི་ ཡིག་ཚང་གཞི་བཙུགས་ གྲ་སྒྲིག་གི་དོན་ལས་ཨིནམ་ད་ དེ་ཡང་ རྒྱལ་སྤྱིའི་ལས་སྡེ་ ༥༠ ལྷགཔ་ཅིག་གིས་ ཞུ་བ་འབད་ས་ལས་ སང་ཕོད་ཀྱི་དོན་ལུ་ ལས་སྡེ་ ༢༨ ལུ་ གནང་བ་གནང་པའི་གུ་ གཞན་མི་ ༣༣ པོ་དེ་ཡང་ མཁས་མཆོག་བཙུགས་ཏེ་ བསྐྱར་ཞིབ་ཐོག་ལུ་ཡོད་མི་ཚུ་གི་དོན་ལས་ དགེ་ལེགས་ཕུག་ ཁྲོམ་ཁར་ཡོད་མི་ སྒྲིང་ཁྱིམ་ ༧༠ ཕྱི་ཁ་ལས་བལྟཝ་ད་ འབྲུག་གི་བཟོ་བཀོད་དང་ ཁྱིམ་ནང་ལུ་ རྒྱལ་སྤྱིའི་གནས་ཚད་ཁར་ བདེ་ཉམས་ཐོག་ལུ་ བཟོ་བའི་བསྒང་ཡོད་ཟེར་ཨིན་པས།

དགེ་ལེགས་ཕུག་ལུ་ ཡིག་ཚང་དེ་ཚུ་ གཞི་བཙུགས་འབད་ཚར་བའི་ཤུལ་ལས་ ང་བཅས་རའི་ ན་གཞོན་ཚུ་ལུ་ཡང་ དངུལ་ཕོགས་སྦོམ་ཡོད་པའི་ ལཱ་གཡོག་གི་ གོ་སྐབས་ཚུ་ འཐོབ་ནི་ཨིན་པའི་ནང་ལས་ ཤེས་ཡོན་དང་ ཉམས་མྱོང་ རིག་རྩལ་དྲག་ཤོས་ཀྱི་ གོ་སྐབས་ཚུ་ཡང་ འཐོབ་ནི་ཨིནམ་ལས་ ན་གཞོན་ཚུ་གིས་ འཛམ་གླིང་རྒྱལ་ཁབ་ཚུ་དང་ དོ་འགྲན་འབད་ཚུགས་པའི་ཁར་ ཡིད་ཆེས་དང་ ལྕོགས་གྲུབ་ཚུ་ཡང་ ཡར་འཕེལ་འགྱོ་འོང་ཟེར་ གསུངས་གནང་ནུག།

ང་བཅས་རའི་ འབྲུག་ལུ་ བྱིན་རླབས་ཅན་གྱི་ སྦས་ཡུལ་ཟེར་སླབ་ད་ ག་དེ་སྦེ་ མཇལཝ་མས་ཟེར་ མནོ་བ་ཅིན་ རྒྱལ་ཡོངས་ཀྱི་ དམིགས་ཡུལ་ཚུ་ བསྒྲུབ་ནིའི་དོན་ལས་ ཕྱག་ལཱ་ཚུ་གནངམ་ད་ རྗེ་མཁན་རིན་པོ་ཆེ་གིས་ དབུ་གཙོས་པའི་ གཞུང་གྲྭ་ཚང་གི་ འཕགས་པའི་དགེ་འདུནམ་ཚུ་དང་ བླ་སྤྲུལ་ཚུ་གུ་ ཆོས་སྒོར་བཞུགས་མི་ ཆོསཔ་ཚུ་དང་ ང་བཅས་རའི་ ཕམ་རྒན་རྒས་ཚུ་ག་ར་གིས་ མི་དབང་མངའ་བདག་རིན་པོ་ཆེའི་ ཐུགས་ཀྱི་དགོངས་བཞེད་དང་ རྒྱལ་ཁབ་ཀྱི་ ཕྱག་ལཱ་ཚུ་དང་ དམིགས་ཡུལ་ཚུ་ བསྒྲུབ་ཚུགས་པའི་ཁར་ རྐྱེན་ངན་བར་ཆད་ཚུ་ཡང་ འབྱུང་མི་བཅུག་ནི་གི་དོན་ལས་ ཧེ་མ་བ་ལྷག་པའི་ བཟློག་ཐབས་རིམ་གྲོ་དང་ སྐུ་རིམ་ཚུ་ཡང་ མཛད་གནང་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ མི་སེར་ཆེ་འབྲིང་ཆུང་ ༣ ག་ར་གིས་ ཕྱག་ཞུ་ནི་གི་ མནོ་བསམ་ཡོད་པའི་གུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འགོ་ཁྲིད་འབད་དེ་ བློན་པོ་ཚུ་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ ལྷན་ཁག་དང་ ལས་སྡེ་ཚུ་ ས་གནས་གཞུང་དང་ ཞི་གཡོགཔ་ཚུ་ དྲག་ཁག་ ༣ གྱི་དམག་སྡེ་ ལྷག་པར་དུ་ ཞི་གཡོགཔ་ག་ར་གིས་ ཐེ་ཚོམ་མེད་པའི་ རྒྱབ་སྐྱོར་སྒྲིང་སྒྲིང་སྦེ་ ཕུལ་དོ་ཡོདཔ་ད་ ང་བཅས་རའི་ ཕྱག་ལཱ་གསརཔ་གནང་ས་ ས་མཚམས་ལུ་ཨིནམ་ལས་ ས་མཚམས་ཀྱི་ ལྷོ་ཁ་ཐུག་ལུ་ཡོད་མི་ རྒྱ་གར་རྒྱལ་ཁབ་དེ་ ང་བཅས་ལུ་ གནམ་མེད་ས་མེད་ གལ་ཆེ་ཏོག་ཏོ་ཅིག་ཨིནམ་བཞིན་དུ་ རྒྱ་གར་གཞུང་དང་ བློན་ཆེན་མོ་དི་གིས་ཡང་ ང་བཅས་རའི་ ཕྱག་ལཱ་ཚུ་ ལེགས་ཤོམ་སྦེ་ འགྱོ་ནིའི་དོན་ལས་ ཐེ་ཚོམ་མེད་པའི་ གྲོགས་རམ་དང་ རྒྱབ་སྐྱོར་ཚུ་ ཧྲིལ་བུར་སྦེ་ར་ ཕུལ་ནི་ཨིན་པའི་ ཁས་བླངས་འབད་དེ་ཡོདཔ་ལས་ དུས་ཅི་གི་ ཕྱག་ལཱ་དེ་ཚུ་ ལེགས་ཤོམ་སྦེ་ ཡར་སོང་ཡི་ཟེར་ གསུངས་གནང་ནུག།

ང་བཅས་རའི་ འབྲུག་མི་ཚུ་ ཕྱི་ཁ་ལས་ཕར་ འགྱོ་བའི་སྐབས་ལུ་དང་ ཡང་ཅིན་ བལྟ་བཤལཔ་ཚུ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ ག་ཅི་ཨིན་ན་ཟེར་བའི་ དྲི་བ་ལེ་ཤ་ཅིག་ར་ བཀོད་ནི་ཨིནམ་ལས་ དེ་བསྒང་ ང་བཅས་རའི་ མི་སེར་ཚུ་གིས་ འགན་ཁུར་འཐེབ་འབག་སྟེ་ ཕྱི་གླིངཔ་ཚུ་གིས་ དྲི་བ་ག་བཟུམ་བཀོད་རུང་ དྲིས་ལན་ལེགས་ཤོམ་སྦེ་ སླབ་ཚུགསཔ་བཟོ་ནི་དེ་ཡང་ གལ་ཆེ་ཟེར་ཨིན་པས།

མི་དབང་མཆོག་གིས་ ཕྱི་གླིངཔ་ཚུ་དང་གཅིག་ཁར་ གདོང་སྒོར་སྦེ་ ལོ་རྒྱུས་རེ་ གསུངས་པའི་སྐབས་ལུ་ ད་རེས་ནངས་པར་ འབྲུག་ལུ་ དུས་ནམ་ཡང་མ་འབད་བའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཟེར་ ལས་འགུལ་གསརཔ་ཅིག་ འགོ་བཙུགས་མི་འདི་ ག་དེ་སྦེ་ཨིན་ན་ཟེར་བའི་ དྲི་བ་ཞུ་བའི་ལན་ལུ་ ལས་འགུལ་འདི་ འབྲུག་རྒྱལ་ཁབ་དང་ མི་སེར་ཚུ་གི་ མ་འོངས་པའི་དོན་ལས་ གྲ་སྒྲིག་འབདཝ་མ་ཚད་ འབྲུག་གི་བསྟན་པ་འདི་ གཙང་ཏོག་ཏོ་དང་ མི་སེར་ཚུ་ བསམ་པ་བཟང་པའི་ཁར་ འབྲུག་གི་ལམ་ལུགས་འདི་ ཧ་ལས་སི་སི་སྦེ་ འཛམ་གླིང་གི་ནོརབུ་དང་ ཡང་དག་པའི་ལྟ་བ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་གུ་ དམངས་གཙོའི་གཞུང་འདི་ གཞི་བཙུགས་འབད་དེ་ མི་ལོ་ ༡༧ དང་ ༡༨ ལས་ མ་ལང་མི་ རྒྱལ་ཁབ་ཀྱི་ གཞི་འགྱམ་སྒྲིང་སྒྲིང་ བཟོ་བའི་བསྒང་དང་ མི་སེར་གྱི་ འཚོ་བའི་གནས་སྟངས་ཚུ་ ལེགས་ཤོམ་བཟོ་བའི་ནང་ལས་ཡང་ ཁག་ཆེ་ཤོས་ ང་བཅས་ཀྱི་ ཨ་ལོ་ཚུ་གི་ མཐའ་དོན་ལུ་བལྟ་སྟེ་ ལཱ་གསརཔ་འདི་ འགོ་བཙུགས་ཡོདཔ་སྦེ་ གསུངས་གནང་དོ་ཡོད་པའི་སྐོར་ལས གསལ་བཤད་མཛད་གནངནུག།

ད་རུང་ ཁོང་ལུ་ དྲན་གསོ་བཟུམ་ཅིག་སྦེ་ འཛམ་གླིང་ནང་ འགྱུར་བ་འགྱོཝ་བཞིན་དུ་ ཨ་རྟག་བ་ལྷག་པའི་ ཉེན་ཁ་སྦོམ་སྦེ་ར་ འཐོན་སྲིདཔ་ལས་ ཆརཔ་ཕར་ཁ་རྐྱབ་ ཟིལཔ་ཚུར་ཁ་ཕོག་ཟེར་ སླབ་དོ་བཟུམ་སྦེ་ ང་བཅས་ ཉམས་དགའ་བའི་སྐབས་ལུ་ དུས་ཚོད་འཕྲོ་བརླགས་མ་གཏང་པར་ རྩ་འགེངས་ཏེ་ རྒྱལ་ཁབ་འདི་ འཐེབ་ཅིག་སྦེ་ར་ སྒྲིང་སྒྲིང་བཟོ་དགོཔ་སྦེ་ གསུངས་དོ་ཟེར་ཨིན་པས།

ད་རུང་ ཕྱི་གླིངཔ་ཚུ་གིས་ དེ་སྦེན་ ཁྲོམ་ཚོགས་སྦོམ་སྦེ་ བཟོཝ་ཨིན་ན་ཟེར་ དྲི་བ་ཞུ་བའི་ལན་ལུ་ དེ་སྦེ་མེན་ ང་བཅས་ལུ་ ཁྲོམ་ཚོགས་རྙིངམ་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གིས་གཙོས་པའི་ ཁྲོམ་ལེ་ཤ་ཅིག་ར་ཡོདཔ་ལས་ ཁྲོམ་རྙིངམ་ལེ་ཤ་བཞག་སྟེ་ ཁྲོམ་ཚོགས་གསརཔ་ ག་ཅི་སྦེ་ བཟོ་དགོཔ་ཨིན་པའི་ གནད་དོ་གཙོ་བོ་ར་ ད་རེས་ནངས་པ་ འཛམ་གླིང་ནང་ ནང་པ་སངས་རྒྱས་པའི་ ཆོས་ལྡན་གྱི་ རྒྱལ་ཁབ་ལེ་ཤ་ཅིག་ཡོད་རུང་ ནང་པའི་ཆོས་སྡེའི་ གདན་ས་དང་ ཁྲོམ་ཟེར་མི་ ལོགས་སུ་ཅིག་ ག་ཏེ་ཡང་མེདཔ་ལས་ འབྲུག་རྒྱལ་ཁབ་ནང་ འཛམ་གླིང་གི་དོན་ལས་ ནང་པ་སངས་རྒྱས་པའི་ ཆོས་སྡེའི་ཁྲོམ་ཚོགས་དང་པ་སྦེ་ བཟོ་སྐྲུན་འབད་དོ་ཡོདཔ་སྦེ་གསུངས་ནུག།

དེ་ཚེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་ཆེན་སྐབས་ལུ་ བརྒྱ་བཞིའི་མདོས་ཆོག་རྒྱས་པ་དང་ འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཚུ་ གནང་པའི་སྐབས་ལུ་ མི་སེར་མང་རབས་ཅིག་ སྤུངས་འཛོམས་ཐོག་ལས་ བྱིན་རླབས་ཞུ་མི་དེ་ ཚོད་མའི་ནང་གི་ ཚྭ་བཟུམ་ཅིག་ར་ཨིནམ་ལས་ དགེ་ལེགས་ཕུག་གི་ ཕྱག་ལཱ་དེ་ཚུ་ མཇུག་བསྡུཝ་ད་ རང་གི་སེམས་ཀྱིས་ བདའ་མ་ཟུན་པའི་ བག་ཆགས་ཅིག་ སྟོན་ནི་ཨིནམ་སྦེ་ཡང་ གསུངས་ཡི་ཟེར་ཨིན་པས།

དེ་མ་ཚད་ འབྲུག་རྒྱལ་ཁབ་འདི་གི་ བྱང་ཁ་ཐུག་ལུ་ རྒྱ་ནག་དང་ ལྷོ་ཁ་ཐུག་ལུ་ རྒྱ་གར་རྒྱལ་ཁབ་ ༢ ཨིན་མིའི་ མི་རློབས་དེ་ འཛམ་གླིང་ནང་གི་ མི་རློབས་ལས་ བརྒྱ་ཆ་ ༦ ཡོད་པའི་གུ་ དཔལ་འབྱོར་དེ་ཡང་ ཡར་འཕར་མགྱོགས་དྲགས་སྦེ་འགྱོ་མི་ རྒྱལ་ཁབ་ཨིནམ་ལས་ ང་བཅས་ཀྱི་ ལུང་ཕྱོགས་ནང་ དཔལ་འབྱོར་ཡར་འཕར་གྱི་ མགྱོགས་ཚད་ལེགས་ཤོམ་ཡོད་པ་ལུ་བརྟེན་ཏེ་ འཛམ་གླིང་ནང་གི་ འགོ་ཁྲིད་ལས་སྡེ་ཚུ་གིས་ ཨེ་ཤི་ཡའི་ནང་ གོ་སྐབས་ཚུ་ འཚོལ་དོ་ཡོདཔ་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ གཙུག་སྡེ་སྒྲིང་སྒྲིང་དང་ དྭངས་གསལ་ཅན་གྱི་ ཁྲིམས་ལུགས་དང་བཅས་པའི་ རྒྱབ་སྐྱོར་ཐོག་ལུ་ ཡིད་ཆེས་བརྟན་ཏོག་ཏོ་སྦེ་ ཚོང་འབྲེལ་ལག་ལེན་འཐབ་སའི་ ས་གོ་ཅིག་ལུ་ འགྱུར་ནི་དང་ ཨེ་ཤི་ཡའི་ ཐོན་འཛུལ་སྒོ་ར་སྦེ་ གོང་འཕེལ་གཏང་གནང་ནི་ཨིན་ཟེར་ གསུངས་གནང་ནུག། 

རྒྱ་གར་དང་ རྒྱ་ནག་ ༢ ཀྱིས་ ལུང་ཕྱོགས་འདི་ནང་ གོ་སྐབས་བཏོན་མི་ལུ་ ང་བཅས་ཀྱིས་ གུས་ཞབས་ཀྱི་སྒོ་ལས་ དགོས་མཁོ་ཡོད་པའི་ གཞི་རྟེན་མཁོ་ཆས་ཚུ་ བཟོ་བསྐྲུན་འབད་དེ་ ཕན་འདེབས་ཆུང་ཀུ་ཅིག་འབད་ནི་ཨིན་མི་དེ་ཡང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བཟོ་བསྐྲུན་དང་ དངུལ་འབྲེལ་གནས་རིམ་དེ་ དྲང་བདེན་དང་ བློ་གཏད་ དམ་ཚིག་ཚུ་གི་ཐོག་ལུ་ གཙོ་བོ་ར་ ཉེན་སྲུང་དང་ལྡནམ་སྦེ་ ངེས་གཏན་བཟོ་ནི་ཨིནམ་ད་ དེ་ཡང་ དྲན་ཤེས་ཐོག་ལས་ གཞན་ཁར་འབད་ཡོད་མི་ཚུ་ ལོག་སྟེ་མ་འབད་བར་ ང་བཅས་ཀྱིས་ར་ གསར་བཏོད་འབད་ནི་དེ་ སེམས་ཁ་ལས་ མ་བརྗེད་པར་ འབྲུག་ལུ་ མི་རབས་ལས་མི་རབས་བརྒྱུད་དེ་ མིང་གཏམ་ཐོབ་ཡོད་མི་ དྲང་བདེན་དང་ བྱམས་དང་སྙིང་རྗེ་ཡོད་པའི་ མིང་གཏམ་དང་ ངོ་རྟགས་འདི་ ང་བཅས་ཀྱི་ སྟོབས་ཤུགས་སྦོམ་ཤོས་ཅིག་དང་ ལཱ་ག་ཅི་འབད་རུང་ ངོ་རྟགས་འདི་གིས་ ལམ་སྟོན་འབད་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ཡང་ བརྩི་མཐོང་དེ་ཚུ་ལུ་ གཞི་བརྟེན་འབད་དེ་ གནས་ནི་དང་ དེ་ཡང་ ཁེབ་སང་དང་ ཐོན་སྐྱེད་ཀྱི་ དགོས་དོན་དེ་ གལ་ཆེ་ཟེར་ཨིན་པས།  

འབྲུག་རྒྱལ་ཁབ་འདི་ ཆུང་ཀུ་ཅིག་ཨིནམ་ལས་ རྒྱལ་ཁབ་སྦོམ་ཚུ་གི་གྲས་ཁར་ ག་དེ་སྦེ་འབད་ཚུགས་ཟེར་ དྲི་བ་ཞུ་བའི་ལན་ལུ་ མི་དབང་མཆོག་གིས་ རྒྱལ་ཁབ་སྦོམ་ཚུ་ལུ་ རྒྱུ་སྟོབས་དང་ མི་སྟོབས་ཚུ་ ང་བཅས་དང་ཕྱདཔ་ད་ ས་དང་གནམ་གྱི་ ཁྱད་པར་ཡོད་རུང་ ལཱ་གི་ཐེད་ཁར་ བྱ་སྟབས་མ་བདེཝ་སྦོམ་ཡོད་མི་དེ་ཡང་ རྒྱལ་ཁབ་སྦོམ་ཚུ་གིས་ ལཱ་འབད་བའི་སྐབས་ལུ་ དུང་དཀར་ནང་གི་ འབུཔ་བཟུམ་སྦེ་ ཧིང་བསུབ་ཁག་ཁག་དང་ ཡང་ཅིན་ རྒལ་པར་ཁྱིམ་འབག་མི་ རུས་སྦལ་བཟུམ་སྦེ་ ཁོང་ར་གིས་ མནོ་མི་དང་འཁྲིལ་ཏེ་ འགྱོ་བཏུབ་ནི་དེ་གིས་ འབད་ཤེས་རུང་ བགྲོས་ཀྱིས་སྦེ་ ས་གོ་དེ་ནང་ ལྷོད་མི་ཚུགས་དོ་ཡོདཔ་ད་ ང་བཅས་རའི་ རྒྱལ་ཁབ་ནང་འབད་བ་ཅིན་ རྒྱལ་ཁབ་ཆུང་ཀུ་དང་ མི་རློབས་ཉུང་རུང་ རྒྱལ་བློན་འབངས་ ༣ ག་ར་ ཁྱིམ་གཅིག་ནང་གི་ བཟའ་ཚང་བཟུམ་སྦེ་ མནོ་བསམ་གཅིག་ཁར་བཏངམ་ལས་ རི་དང་བྱག་འབད་རུང་ གཉའ་བར་བཀལ་ཏེ་ འབག་ཚུགས་པའི་ནང་ལས་ཡང་ ང་བཅས་ཀྱི་ རྒྱལ་ཁབ་འདི་ སྒྲིང་སྒྲིང་ཡོད་པའི་གུ་ ཧེང་སྐལ་ར་ སྒྲིང་སྒྲིང་བཟོ་ནི་སྦེ་ཨིནམ་ལས་ དགེ་ལེགས་ཕུག་ལུ་ རང་སྐྱོང་ལུང་ཕྱོགས་སྦེ་ བཟོ་མི་དེ་ཡང་ འཐུས་མ་ཤོརཝ་སྦེ་ གཞན་བ་དྲགཔ་སྦེ་ བཟོ་ནི་ཨིནམ་སྦེ་ གསུངས་གནང་ནུག།

ཕྱི་གླིངཔ་ལ་ལོ་ཅིག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ ཕྱི་ཁར་འགྱོ་མི་ ན་གཞོན་ཚུ་ འབྲུག་ལུ་ ལོག་ཚུགསཔ་བཟོ་ནིའི་དོན་ལུ་ཨིན་ན་ཟེར་བའི་ དྲི་བ་ཞུ་བའི་ལན་ལུ་ མི་དབང་མཆོག་གིས་ དང་ཕུ་དང་ ད་རེས་མི་འདྲ་ དེ་བསྒང་སྦེན་ ཆོས་ཡོན་ཏན་སྦོམ་བལྟ་བར་ ཕྱི་རྒྱལ་ལུ་ བཏངམ་ཨིན་རུང་ ད་རེས་ནངས་པ་ ཡོན་ཏན་རྣམ་པ་སྣ་ཚོགས་ རྒྱ་ཆེ་ས་ལས་ ལྷབ་དགོ་པའི་ཁར་ ཉམས་མྱོང་དང་ བལྟ་རྒྱ་མཐོང་རྒྱ་ཚུ་གུ་ འཛམ་གླིང་གི་ གནས་སྟངས་ཚུ་ཡང་ ཧ་གོ་དགོཔ་ གལ་ཆེ་བའི་སྐོར་ལས་དང་ འབྲུག་མི་ཕྱི་ཁར་ཡོད་མི་ཚུ་ ང་བཅས་ཀྱི་ བདོག་གཏད་ཨིནམ་ལས་ ཤེས་ཡོན་དང་ རིག་རྩལ་ཚུ་ སྦྱང་བ་འབད་དེ་ ག་ཏེ་ར་ཡོད་རུང་ ཁོང་གི་སེམས་འདི་ འབྲུག་ལུ་ཡོད་པའི་ཁར་ ཁོང་ག་ར་ དམ་ཚིག་ཅན་འབདཝ་ལས་ ཁོང་རའི་རྒྱལ་ཁབ་ལུ་ ཕྱག་ཞུ་ནི་གི་ སེམས་ཡོད་པ་ལུ་བརྟེན་ཏེ་ མ་འོངས་པར་ དུས་ཚོད་རནམ་ད་ འབྲུག་ལུ་ ཕན་བཏགས་ནིའི་དོན་ལས་ ལོག་འོང་སའི་ ས་གོ་བཟོ་ནི་འདི་ ང་བཅས་ཀྱི་ འགན་ཁུར་ཨིན་ཟེར་ གསུངས་གནང་ཡོདཔ་ཨིན་པས།

ཕྱི་གླིངཔ་ཚུ་གིས་ ད་རེས་ དགེ་ལེགས་ཕུག་ལུ་ དྲན་ཤེས་ཁྲོམ་ཚོགས་ བཟོ་མི་དེ་ མི་ལེ་ཤ་ཅིག་ འོང་བཅུག་ནི་གི་དོན་ལུ་ཨིནམ་སྦེ་ དྲི་བ་ཞུ་བའི་ལན་ལུ་ མི་དབང་ཞབས་ལས་ མི་ལེ་ཤ་སྦེ་ འོང་མི་དེ་གིས་ ང་བཅས་ཀྱི་ སྟབས་མ་བདེཝ་ཚུ་ སེལ་མི་ཚུགས་ནི་ཨིནམ་ལས་ མི་ལེགས་གོ་ བལྟ་ཤེས་དགོ་པའི་ཁར་ ག་དགོ་ནི་ཨིན་ན་དེ་ ལེགས་ཤོམ་སྦེ་ དབྱེ་བ་ཕྱེ་སྟེ་ སྟབས་ལེགས་སྟེས་དབང་ལུ་ བཞག་ནི་མི་འོང་ཟེར གསུངས་གནང་ནུག།

ང་བཅས་ཀྱིས་ མོ་མོ་པད་སྡེར་་ཅིག་དང་འདྲ་བའི་ ཅ་ལ་ཅིག་ལུ་ དཔེ་སྦྱར་བ་ཅིན་ ཐིམ་ཕུ་ལུ་ དངུལ་ཀྲམ་ ༩༠ རེ་ གནས་མི་དེ་ ཨཱཛ་ཊེ་ལི་ཡ་ལུ་ དངུལ་ཀྲམ་ ༥༠༠ གནས་དོ་བཟུམ་སྦེ་ ཁྲོམ་རྐྱངམ་གཅིག་གིས་ ཁྱད་པར་བཟོ་མི་ཚུགས་ནི་ཨིནམ་ལས་ མཐར་འཁྱོལ་གྱི་དོན་ལུ་ འོས་འབབ་ཅན་གྱི་ ཚོང་ལམ་གསར་བཏོད་དང་ གོང་ཚད་མཐོ་སུ་འབད་མི་ཡང་ ཉོ་མི་ཡོད་པའི་ ཁྲོམ་ཚོགས་དགོ་ནི་ཨིནམ་ད་ མ་གཞི་ འབྲུག་རྒྱལ་ཁབ་འདི་ ཨཛ་ཊེ་ལི་ཡའི་ རྒྱལ་ཁབ་བཟུམ་སྦེ་ ཕྱུགཔོ་ཐལ་ནི་འདི་ ཤོབ་འོང་ནི་ཨིན་མི་དེ་ཡང་ ཨཱཛ་ཊེ་ལི་ཡ་དེ་ ས་ཆ་ལས་བཅད་པ་ཅིན་ ང་བཅས་ལས་ ཚར་ ༢༠༠ ལྷགཔ་ཅིག་གིས་སྦོམ་དང་ མིའི་གྱངས་ཁ་ལས་བཅད་རུང་ ང་བཅས་དང་ཕྱདཔ་ད་ ཚར་ ༣༠ ལྷགཔ་ཅིག་གིས་ མང་སྟེ་འབད་རུང་ ཨཱཛ་ཊི་ལི་ཡའི་ མི་སེར་ཚུ་ལས་ ང་བཅས་ ཕྱུགཔོ་བཟོ་ནི་དེ་ སེམས་ཁར་བཞག་སྟེ་ ད་རེས་ ཕྱག་ལཱ་སྦོམ་ཅིག་ འགོ་བཙུགསཔ་ཨིན་ཟེར་ གསུངས་གནངཡོདཔ་ཨིན་པས།

སྤྱི་ལོ་ ༢༠༢༩ ལུ་ གནམ་གྲུ་ཐང་དེ་ སྒྲུབ་པའི་བསྒང་ལས་ ཕྱི་མི་གྱངས་ཁ་ར་ ས་ཡ་ ༡ དེ་ཅིག་ འོང་ནི་ཨིནམ་ད་ དེ་གི་ཤུལ་ལས་ གནམ་ཐང་རྒྱ་སྐྱེད་འབད་དེ་ ས་ཡ་ ༣ དང་ དེ་ལས་ འཕྲོ་མདུད་དེ་ ས་ཡ་ ༥ དང་ ས་ཡ་ ༡༠ ལུ་ རྒྱ་བསྐྱེད་ཐོག་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་བརྒྱུད་དེ་ འཕུར་འགྲུལ་འབད་ནི་ཨིནམ་ལས་ དེ་བསྒང་ འགྲུལ་པ་ཚུ་ལུ་ མངར་ཇ་ར་ ཤེལ་ཕོར་ས་ཡ་ ༡༠ རེ་ བཙོང་ཚུགས་ནི་ཨིནམ་བཞིན་དུ་ དེ་དང་བསྟུན་པའི་ གོ་སྐབས་བཟོ་ནིའི་དོན་ལས་ ཕྱག་ལཱ་གནང་དགོཔ་ཡང་ ལེ་ཤ་ཅིག་ར་ཡོད་ཟེར་ཨིན་པས།

ད་རུང་ ཕྱི་གླིངཔ་ཚུ་གིས་ ཕྱག་ལཱ་དེ་ཚུ་ མི་དབང་མཆོག་གི་ ཐུགས་བཞེད་ལྟར་དུ་ མཐར་འཁྱོལ་འབྱུང་འོང་ག་ཟེར་ དྲི་བ་ཞུ་བའི་ལན་ལུ་ མི་དབང་ཞབས་ལས་ ཕྱག་ལཱ་དེ་ཚུ་ མཐར་འཁྱོལ་མི་འབྱུང་ནི་ལུ་ ཐུགས་ཀྱི་དོགས་པ་མེད་མི་དེ་ཡང་ འབྲུག་པའི་མི་སེར་ཚུ་གིས་ དད་དམ་ལྷོད་མེད་དང་ བརྩོན་ཤུགས་ཀྱི་སྒོ་ལས་ ཕྱག་ཞུ་བ་ལུ་བརྟེན་ཏེ་ ཕྱི་ནང་གསང་ ༣ ཟེར་ ཕྱི་ཁ་ལས་ དཔལ་འབྱོར་སྒྲིང་སྒྲིང་ཐལ་ ནང་ན་མི་སེར་སྒྲིང་སྒྲིང་ཐལ་ གསང་སྔགས་རྡོ་རྗེ་ཐེག་པའི་ བསྟན་པའི་གཞི་འགྱམ་དེ་ སྒྲིང་སྒྲིང་ཐལ་ཏེ་ འབྲུག་རྒྱལ་ཁབ་ནང་ བདེ་སྐྱིད་ཀྱི་ཉིམ་ མི་སེར་ལུ་ དགའ་སྐྱིད་ཀྱི་དཔལ་ ཨེ་ཤི་ཡའི་ ལུང་ཕྱོགས་ནང་ བཀྲ་ཤིས་པའི་གཡང་ རྟེན་འབྲེལ་ལེགས་ཤོམ་སྦེ་ བརྩིས་ཏེ་འབད་བ་ཅིན་ ང་བཅས་ཀྱིས་ ཕྱག་ལཱ་མཛད་ཚད་ཅིགཔོ་ག་ར་ ལེགས་ཤོམ་སྦེ་ འགྱོ་འོང་ཟེར་ གསུངས་གནང་ནུག།

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཕྱག་ལཱ་ཚུ་ གནང་པའི་སྐབས་ལུ་ ཐུགས་ཀྱི་ཚ་གྱང་སྦོམ་ཤོསར་ ས་ཆའི་འཛིན་སྐྱོང་ཨིནམ་ད་ དེ་ཡང་ བཞེས་རུང་བཅུད་མེད་ གཟིམ་རུང་མནལ་མེད་པར་ ནམ་རང་སྦེ་རུང་ ཕྱག་ལྟག་ཁར་ ལྗིད་ས་དིག་དིག་ འབག་དོ་བཟུམ་སྦེ་ ག་དེ་སྦེ་གཟིགས་རུང་ ཐུགས་བཞེད་ག་དེ་སྦེ་གནང་རུང་ ཐུགས་ཚ་གྱང་བཞེས་ཐོག་ལས་ འ་ནི་བཟུམ་མའི་ བྱ་སྟབས་མ་བདེཝ་དེ་ འགོ་དང་འགོ་ལས་ར་ ང་བཅས་ཀྱིས་ ལེགས་ཤོམ་སྦེ་ བསལ་མ་ཚུགས་ ཡང་ཅིན་ བདག་མེད་སྦེ་ལུས་ ཐང་ཐིག་རེ་ཤོར་ཏེ་ བཅོ་ཁ་མ་རྐྱབ་པ་ཅིན་ ཤུལ་ལས་ ཉེན་ཁ་སྦོས་ཤོས་དེ་ ས་ལུ་བརྟེན་ཏེ་ འཐོན་ནི་ཨིནམ་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཕྱག་ལཱ་ཚུ་ ལེགས་ཤོམ་སྦེ་ འགྱོ་བའི་བར་ན་ར་ ཞལ་ཐག་དཔྱངས་ཏེ་ སྡུག་བསྔལ་དང་ བར་ཆད་ཅིག་ མི་འབྱུང་ག་མནོ་བའི་ དོགས་པ་ཡོད་ཟེར་ཨིན་པས།

དེ་ཡང་ ས་ཆ་ལོག་སྤྱོད་འབད་མི་རེ་ འཐོན་པ་ཅིན་ ལས་འགུལ་ཡོངས་རྫོགས་ལུ་ གནོད་ནི་ཨིནམ་ད་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་གི་ ས་ཆ་མང་ཤོས་ར་ གྲོང་གསེབ་ནང་གི་ བཟའ་ཚང་ཚུ་གི་ ས་ཆ་ཨིན་མི་དེ་ནང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྐྱིད་སྡུག་གནང་པའི་ ས་ཆ་ཡང་ ལེ་ཤ་ཅིག་ཡོདཔ་ལས་ ས་ཆ་དེ་ཚུ་ གཏམ་རྫུན་མ་དང་ སེམས་བག་མ་ཆགས་པར་ ཡང་ཅིན་ བརྡ་དོན་ལེགས་ཤོམ་ མ་འཐོབ་པར་ ཇོ་བདག་ངོ་མའི་ལག་པ་ལས་ ཤོར་བ་ཅིན་ དོ་འགྲན་ཚབས་ཆེན་འཐོན་ཏེ་ ཐིམ་ཕུ་དང་ སྤ་རོ་བཟུམ་སྦེ་ ས་ཆ་བྱང་པ་ཅིན་ བློ་འགྱོད་དང་ མི་སྡེའི་བར་ན་ མ་འགྲིགཔ་ཚུ་ཡང་ འཐོན་ནི་གི་ ཉེན་ཁ་ཡོདཔ་སྦེ་ གསུངས་གནང་ཡོདཔ་ཨིན་པས།

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ གོང་འཕེལ་འགྱོ་མི་དང་བསྟུན་ཏེ་ རྒྱལ་སྤྱིའི་མ་རྩ་གཞི་བཙུགས་འབད་མི་ ཕྱུགཔོ་ཚུ་འོང་པའི་བསྒང་ལས་ རང་གི་ས་ཆ་ཚུ་ ཕྱི་གླིངཔ་ཚུ་ལུ་ བཙོང་པ་ཅིན་ མ་འོངས་པ་ལུ་ཡང་ ལོག་ལེན་མི་ཚུགས་ནི་ཨིན་པའི་ ཐུགས་ཀྱི་ཚ་གྱང་སྦོམ་ཡོདཔ་ལས་ ང་བཅས་རའི་ ས་ཆ་འདི་ཚུ་ འབྲུག་པའི་མི་སེར་གྱི་ ལག་པར་ར་ བཞག་ནི་ཡོདཔ་ ངེས་གཏན་བཟོ་དགོ་པའི་ཁ་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ འབྲུག་ཡོངས་རྫོགས་ཀྱི་དོན་ལུ་ཨིན་པའི་ནང་ལས་ ད་རེས་ དགེ་ལེགས་ཕུག་ལུ་ ས་ཆ་མེད་མི་ཚུ་བརྩིས་ཏེ་ འབྲུག་མི་རེ་རེ་བཞིན་དུ་ལུ་ ཁེ་ཕན་འདྲ་མཉམ་དང་ བདག་དབང་ཡོད་པའི་ ཁས་ལེན་དེ་ མི་རབས་ལས་མི་རབས་ཀྱི་བར་ན་ འོང་དགོཔ་ལས་ ཉེན་སྲུང་འབད་དགོ་པའི་སྐོར་ལས་ གསུངས་གནང་ནུག།

མཐར་འཁྱོལ་གྱི་ ཁེ་ཕན་དེ་ ད་རེས་ཀྱི་ མི་རབས་རྐྱངམ་གཅིག་ལུ་མིན་པར་ མ་འོངས་མི་རབས་ལེ་ཤ་ཅིག་ལུ་ཡང་ འཐོབ་དགོཔ་ལས་ འབྲུག་མི་རེ་རེ་གིས་ ཕན་ཐབས་དང་ བཟོ་བཀོད་འབད་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ མ་འོངས་པ་དེ་ སྲུང་སྐྱོབ་འབདཝ་ད་ར་ འབྲུག་གི་མ་འོངས་པ་དེ་ སྲུང་སྐྱོབ་འབདཝ་ལས་ ང་བཅས་རའི་ བརྩོན་ཤུགས་དང་ འགན་ཁུར་ སེམས་ཤུགས་ཚུ་ལུ་བརྟེན་ཏེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ ལྕོགས་གྲུབ་ཧྲིལ་བུར་ཡོད་མི་ ཁྲོམ་ཚོགས་ལུ་ འགྱུར་ནི་ཨིན་རུང་ ང་བཅས་རའི་ བརྩོན་ཤུགས་ཚུ་ལུ་ ཆོས་སྐྱོང་སྲུང་མ་ཚུ་གིས་ བྱིན་གྱིས་རླབས་གནང་པའི་ ཡིད་ཆེས་ཡོདཔ་ལས་ ད་རེས་ཀྱི་ དོ་འགྲན་འདི་ཡང་ བསལ་ཐབས་འབད་དགོ་ཟེར་ཨིན་པས།

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ ཚོང་སྡེ་ཅིག་སྦེ་ བགོ་བཤའ་ཚུ་ ས་ཆའི་བདག་དབང་དང་འབྲེལ་བའི་ བཟོ་བཀོད་ཐོག་ལུ་ ས་ཆའི་ཇོ་བདག་ཚུ་གིས་ ཁོང་རའི་ཁེ་གྱོང་ཚུ་ བདག་ཏུ་བཟུང་ནི་དང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ས་ཆ་ཨེ་ཀར་ས་ཡ་ ༡ འབད་ས་ལས་ བརྒྱ་ཆ་ ༩༤ པོ་དེ་ འབྲུག་གི་དོན་ལུ་བཞག་མི་ གཞུང་གི་ས་ཆ་ཨིནམ་ད་ དེ་ཡང་ རྒེད་འོག་ ༢༠༥ གི་ མི་སེར་ག་རའི་བར་ན་ བགོ་བཤའ་སྦེ་ བཞག་ནི་ཨིནམ་ལས་ ས་ཆའི་ཇོ་བདག་ཚུ་གིས་ རང་སོའི་ས་ཆ་ཚུ་ རྒྱུན་སྐྱོང་འཐབ་སྟེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཡར་འཕར་ནང་ལས་ ཁེ་ཕན་འཐོབ་ནི་དང་ ཡར་འཕར་དེ་ནང་ གསར་བཏོད་འབད་བའི་ ལོངས་སྤྱོད་དེ་ འབྲུག་མི་ག་ར་ལུ་ བགོ་བཤའ་འཐོབ་ནི་ཨིནམ་སྦེ་ གསུངས་གནང་ནུག།

སྒྲིག་བཀོད་འདི་གིས་ ཕྱུགཔོ་དང་ སྤྱང་ཀའི་བར་ན་ ཁྱད་པར་བསུབ་ནི་དང་ ན་གཞོན་ཚུ་གི་དོན་ལུ་ གོ་སྐབས་སྤྲོད་ནི་ ཉམས་མྱོང་ཅན་གྱི་ ཁེ་ལཱ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དང་གཅིག་ཁར་ ལྕོགས་གྲུབ་དང་ ཐོན་སྐྱེད་ཆེ་བའི་ ཁེ་ལཱའི་འབྱུང་རབས་ གསར་བཏོན་འབད་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ མི་སེར་ག་ར་ལུ་ ཁེ་ཕན་ཡོད་པའི་ རྒྱལ་ཁམས་ཀྱི་ མ་འོངས་པའི་ གྲོས་གནས་ཅིག་ལུ་ འགྱུར་གནང་ནི་ཨིན་པས། 

ག་དེམ་ཅིག་སྦེ་ ལས་འགུལ་འདི་ མཐར་འཁྱོལ་མ་ཚུགས་པ་ཅིན་ ང་བཅས་རའི་ འཚོ་རྟེན་འཇམ་སམ་ལུ་ ལོག་ཚུགས་ནི་ཨིན་རུང་ འཆར་གཞི་ལེགས་ཤོམ་སྦེ་བརྩམས་ཏེ་ བརྩོན་ཤུགས་གཅིག་ཁར་བསྐྱེད་པ་ཅིན་ མཐར་འཁྱོལ་འདི་ ང་བཅས་རའི་ རེ་བ་ལས་ལྷག་སྟེ་ འགྲུབ་ཚུགས་ནི་དང་ མི་དབང་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ མཐར་འཁྱོལ་ཅན་ལུ་ བསྒྱུར་གནང་སྟེ་ འབྲུག་མི་ཡོངས་ལུ་ ཁེ་ཕན་ཡོདཔ་ བཟོ་ནི་གནང་གི་ ཐུགས་ཐག་བཅད་དེ་ཡོད་ཟེར་ གསུངས་གནང་ནུག།

དེ་ལས་ དངུལ་གྱི་རྒྱབ་སྐྱོར་ སྒྲིང་སྒྲིང་བཟོ་ཐབས་ལུ་ ལོ་ངོ་དག་པ་ཅིག་གི་ ཧེ་མ་ལས་ བག་ཟོན་ཅན་སྦེ་ ལག་ལེན་འཐབ་ནི་ འགོ་བཙུགས་ཏེ་ཡོད་མི་ བིཊ་ཀོ་ཡིན་ ལས་འགུལ་གྱི་ཐོག་ལས་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༡ དེ་ཅིག་གནས་པའི་ བི་ཊི་སི་ ༡༠,༠༠༠ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ ཡུན་རིང་ཐབས་བྱུས་ཀྱི་ ཟུར་བཞག་སྦེ་ དཔྱ་བགོ་བཀོད་མི་དེ་གིས་ ལས་འགུལ་དེ་ ཉེན་སྲུང་ཅན་སྦེ་ བཞག་ནི་དང་ དེ་གི་ཁེ་ཕན་ཚུ་ ང་བཅས་རའི་ མི་སེར་དང་ ན་གཞོན་ རྒྱལ་ཁམས་བཅས་ཀྱི་དོན་ལས་ ཉམས་སྲུང་ཐོག་ལུ་བཞག་ནི་ ངེས་གཏན་བཟོ་གནངམ་ཨིན་པས།

ང་བཅས་ཀྱིས་ དུས་ཡུན་མ་འགྱངས་པར་ མདུན་བསྐྱོད་ཐོག་ལས་ ང་བཅས་ག་ར་ མཉམ་གཅིག་སྦེ་ འབྲུག་གི་མ་འོངས་པ་ གོང་འཕེལ་གཏང་སྟེ་ ང་བཅས་ལུ་ཡོད་མི་ རྒྱལ་ཁབ་སྲུང་སྐྱོབ་འབད་དེ་ མཉམ་བསྡོམས་ཐོག་ལས་ མ་འོངས་པ་འགྲུབ་སྟེ་ རྒྱལ་ཁབ་འདི་ ཤུལ་མའི་མི་རབས་ལུ་ སྔར་བ་སྒྲིང་སྒྲིང་དང་ ལེགས་ཤོམ་ ལོངས་སྤྱོད་དང་ལྡན་ཏོག་ཏོ་སྦེ་ རྩིས་སྤྲོད་གེ་ཟེར་ཨིན་པས།

ད་རེས་ འཇིགས་མེད་རྣམ་རྒྱལ་དང་ གོང་ས་ཨྱོན་དབང་ཕྱུག་གི་ དམིགས་བསལ་གྱི་ ས་ཁོངས་ནང་ལས་ གསལ་བསྒྲགས་གནང་མི་འདི་ བྱིན་རླབས་ཅན་ཅིག་ཨིནམ་ད་ དེ་གི་ནང་དོན་ཉིད་ལས་ཡང་  ང་ར་ཡང་ རྒྱལཔོ་སྦེ་ཕྱག་ཞུ་ནི་གི་ གོ་སྐབས་ཐོབ་ནི་འདི་གིས་ གནམ་མེད་ས་མེད་ སྐལ་བ་བཟང་ཡི་ཟེར་ གསུངས་གནང་ཡོད་པའི་གནས་ཚུལ།

Please follow and like us: