
པདྨ་དབང་འདུས།
སྤྱི་ཟླ་ ༡༢ པའི་ཚེས་ ༢༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་ལུ་སྦེ་ ཅུ་ལ་ལོང་ཀཱོན་ གཙུག་ལག་སློབ་སྡེ་གིས་ རྟེན་འབྲེལ་བརྩི་སྲུང་ཐོག་ལས་ མཁས་དབང་སྐུ་ཡོན་གྱི་ ལག་ཁྱེར་ཚུ་ཕུལ་ནུག།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཞི་བདེ་དང་ ཀུན་ཚང་གོང་འཕེལ་ གཞུང་སྐྱོང་ལེགས་ལྡན་ ན་གཞོན་ལཱ་གཡོག་ རྒྱལ་ཡོངས་ཀྱི་དོན་ལས་ རིག་རྩལ་གསར་བཏོད་ རྒྱལ་སྤྱིའི་གནས་རིམ་ནང་ གྲལ་གཏོགས་བཙན་ཐབས་དང་ འབྲུག་དང་ མཐའ་ཡས་ལེན་གྱི་ མཐུན་ལམ་བཙན་ཐབས་ཚུ་ནང་ མངོན་གཟིགས་ཅན་གྱི་ དབུ་ཁྲིད་ཨིན་པའི་ ངོས་འཛིན་ཐོག་ལུ་ རྒྱལ་སྤྱི་གོང་འཕེལ་གྱི་ མཚན་ཉིད་རིག་པའི་ མཁས་དབང་གི་ ལག་ཁྱེར་ཕུལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མི་དབང་རྒྱལ་བཙུན་མཆོག་ལུ་ མི་སྡེའི་བདེ་ཉམས་གོང་འཕེལ་དང་ མཁའ་ཁོར་གནས་སྟངས་ཉམས་སྲུང་ མི་མང་འཕྲོད་བསྟེན་དང་ སེམས་ཁམས་བདེ་ཉམས་ དབང་པོ་སྐྱོན་ཅན་གྱི་ མི་སེར་ཚུ་གི་གྲལ་གཏོགས་ གཞི་རྟེན་དཔལ་འབྱོར་གོང་འཕེལ་ཚུ་ ངོས་ལེན་ཐོག་ལུ་ སྤྱི་སྙོམས་རིག་པ་དང་ མི་བརྒྱུད་རིག་པའི་ མཁས་དབང་གི་ ལག་ཁྱེར་ཕུལ་ནུག།
མཐའ་ཡས་ལེན་གྱི་ ཅུ་ལ་ལོང་ཀཱོན་ གཙུག་ལག་སློབ་སྡེ་དེ་ སྤྱི་ལོ་ ༡༩༡༧ ལུ་ གཞི་བཙུགས་འབད་ཡོདཔ་ད་ དུས་ཡུན་ལེ་ཤ་ཅིག་གི་རིང་ལུ་ ཤེས་ཡོན་མཆོག་འགྱུར་གྱི་ གནས་རིམ་ཁར་ འབྲུག་དང་མཉམ་གཅིག་ ཤེས་རིག་གི་ འབྲེལ་བ་དམ་ཟབ་ཡོདཔ་ད་ གཙུག་ལག་སློབ་སྡེ་དེ་ རྙིང་ཤོས་དང་ ཆེ་རིམ་ཤེས་ཡོན་གྱི་ སློབ་སྡེ་དྲག་ཤོས་ཅིག་སྦེ་ གནས་ཡོདཔ་ཨིན་པས།
མཐའ་ཡས་ལེན་ རྒྱལ་ཁབ་ནང་ གཟིགས་སྐོར་སྐབས་ལུ་ མི་དབང་མངའ་བདག་རྒྱལ་པོ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ལག་ཁྱེར་ཕུལ་བའི་ རྟེན་འབྲེལ་ནང་དང་ ཤེས་ཡོན་དང་ ལམ་སྲོལ་ལས་རིམ་ཅིག་ནང་ དབུ་བཞུགས་མཛད་གནང་བའི་ཁར་ རྒྱལཔོ་ཅུ་ལ་ལོང་ཀཱོན་གྱི་ རྗེས་དྲན་སྨན་ཁང་ནང་ཡང་ གཟིགས་སྐོར་གནང་ཡོད་པའི་གནས་ཚུལ།






Users Today : 646
Users Yesterday : 6933
This Month : 65015
This Year : 293856
Total Users : 1005672
Views Today : 7268
Total views : 2923685
Who's Online : 8