མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ གཙོ་འཛིན་བསྐོ་བཞག་དང་ ཞི་དྲག་ལས་སྡེ་ཁག་གི་ འགོ་དཔོན་ལེ་ཤ་ཅིག་ལུ་ གོ་གནས་ཡར་སེང་།

མགོན་པོ་རྡོ་རྗེ།
སྤྱི་ཟླ་ ༢ པའི་ཚེས་ ༡༥ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ མདོ་འཛིན་ཕུབ་རྒྱལ་མཚན་དེ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ གཙོ་འཛིན་སྦེ་ བསྐོ་བཞག་གནང་ཡོདཔ་མ་ཚད་ དམག་སྲིད་འོགམ་ ༦ ལུ་ཡང་ གོ་གནས་ཡར་སེང་ཐོག་ལུ་ དམག་སྲིད་གོང་མའི་ གོ་གནས་གནང་ནུག།
དེ་ཡང་ དམག་སྲིད་ཀརྨ་དང་ དམག་སྲིད་སྐྱིབ་ཅུ་ཚེ་རིང་ དམག་སྲིད་སྐལ་བཟང་རྣམ་རྒྱལ་ དམག་སྲིད་ཚེ་རིང་ཕུན་ཚོགས་ དམག་སྲིད་ཀུན་བཟང་དབང་ཕྱུག་ དམག་སྲིད་རྡོ་རྗེ་རྒྱལ་པོ་ཚུ་ཨིན་པས།
དེ་ལས་ པདྨ་འཚོ་མོ་དེ་ ཨཱཛ་ཊྲེ་ལི་ཡ་ལུ་ འབྲུག་གི་གཞུང་ཚབ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ དེ་གི་ཧེ་མར་ མོ་གིས་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་འོག་ལུ་ཡོད་མི་ ཟུང་ཕྱོགས་ལས་ཁུངས་ནང་ མདོ་ཆེན་སྦེ་ ཕྱག་ཞུ་ནུག།
དེ་མ་ཚད་ མི་དབང་ཞབས་ལས་ དྲང་ཁྲིམས་ལྷན་སྡེའི་ནང་ དྲང་དཔོན་ ༦ བསྐོ་བཞག་གནང་མི་ཚུ་ཡང་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ ཐོ་བཀོད་ཡོངས་ཁྱབ་ངོ་ཚབ་སྦེ་ ཕྱག་ཞུ་མི་ འཆི་མེད་རྡོ་རྗེ་ཤར་མཚོ་དེ་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་དང་ ཐོ་བཀོད་ཡོངས་ཁྱབ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གཞལམ་སྒང་རྫོང་ཁག་ ཁྲིམས་ཀྱི་འདུན་སར་ དྲང་དཔོན་རབ་འབྱམས་སྦེ་ ཕྱག་ཞུ་མི་ ཕུན་ཚོགས་དབང་ཕྱུག་དེ་ གཞལམ་སྒང་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་དང་ ཝམ་རོང་ལུ་ དྲང་དཔོན་རབ་འབྱམས་སྦེ་ ཕྱག་ཞུ་མི་ དུང་རྒྱས་ཚེ་རིང་དེ་ བཀྲིས་གཡང་རྩེ་ རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ བསྐོ་བཞག་གནང་ནུག།
ཆུ་ཁ་རྫོང་ཁག་ ཕུན་ཚོགས་གླིང་ དྲུང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་རབ་འབྱམས་ པདྨ་ཡིད་འཆང་དེ་ ཧཱ་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་དང་ ཐིམ་ཕུ་དཔང་བཞག་ཡིག་ཚང་ནང་ དྲང་དཔོན་རབ་འབྱམས་སྦེ་ ཕྱག་ཞུ་མི་ ཚེ་རིང་དཔལ་སྒྲོན་དེ་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།
ཐིམ་ཕུ་ལུ་ མངོན་མཐོ་ཁྲིམས་འདུན་གྱི་འོག་ལུ་ཡོད་མི་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་ནང་ ཁྲིམས་དོན་གཙོ་འཛིན་འགོ་དཔོན་སྦེ་ ཕྱག་ཞུ་མི་ ཀུན་བཟང་ཆོས་གྲུབ་དེ་ དར་དཀར་ནང་ རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ བསྐོ་བཞག་གནང་ཡོད་པའི་གནས་ཚུལ།

Please follow and like us: