
མགོན་པོ་རྡོ་རྗེ།
སྤྱི་ཟླ་ ༢ པའི་ཚེས་ ༢༨ ལས་ ཡུ་ཨེཛ་དང་ ཨིཛ་རེལ་གྱིས་ ཨི་རཱན་ལུ་ ཕྱད་མདའ་རྐྱབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ སྤྱི་ཟླ་ ༣ པའི་ཚེས་ ༢༥ ཚུན་གྱི་བར་ན་ འཛམ་གླིང་ཤར་དབུས་དང་ ག་ལཱཕ་རྒྱལ་ཁབ་ཚུ་ནང་ མི་གྲངས་ ༤,༥༦༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་མི་ཚུ་གི་སྐོར་ལས་ རོའི་ཊརཛ་ གནས་ཚུལ་ལས་སྡེ་གིས་ བདེན་དཔྱད་འབད་དེ་ཡོད་མི་ སྙན་ཞུ་ཅིག་ སྤྱི་ཟླ་ ༣ པའི་ཚེས་ ༢༦ ལུ་ གསལ་སྟོན་འབད་ནུག།
དེ་ཡང་ རྒྱལ་ཁབ་རེ་རེ་བཞིན་དུའི་ནང་ སྤྱི་ཚེས་དང་བཅསཔ་སྦེ་ གསལ་སྟོན་འབད་མི་ཚུ་ གཤམ་འཁོད་ལྟར་དུ་ཨིན་པས།
ཨི་རཱན།
ཡུ་ཨེཛ་ལུ་ཡོད་མི་ ཐོབ་དབང་སྡེ་ཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཨི་རཱན་རྒྱལ་ཁབ་ནང ཨ་ལོ་ ༢༡༧ རྩིས་ཏེ་ ཞི་བའི་མི་སེར་ ༡,༤༦༤ འབདཝ་ད་ མི་གྲངས་བསྡོམས་ ༣,༣༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
ལེ་བཱ་ནཱོན།
ཨིཛ་རེལ་གྱིས་ སྤྱི་ཟླ་ ༣ པའི་ཚེས་ ༢ ལས་ འགོ་བཙུགས་ཏེ་ ལེ་བཱ་ནཱོན་ལུ་ གནོད་འཚུབ་བཀལ་མིའི་ནང་ ཨ་ལོ་ ༡༢༡ རྩིས་ཏེ་ མི་གྲངས་བསྡོམས་ ༡,༠༩༤ ལུ་ ཤི་རྐྱེན་བྱུང་ནུག།
ཨི་རག།
ཨི་རག་གི་ དབང་འཛིན་པ་ཚུ་གིས་ མི་གྲངས་ ༨༨ ལུ་ ཤི་རྐྱེན་བྱུང་ཡོད་མི་ཚུ་གི་གྲས་ལས་ མང་ཤོས་ཅིག་རང་ ཨི་རཱན་གྱིས་ རྒྱབ་སྐྱོར་འབད་མི་ ཤི་ཨིཊ་དམག་མི་ཚུ་ཨིནམ་སྦེ་ བཤད་ཡོདཔ་ད་ དེ་བཟུམ་སྦེ་ སྤྱི་ཟླ་ ༣ པའི་ཚེས་ ༢༤ ལུ་ཡང་ ཨིར་བིལ་ལུ་ཡོད་མི་ ཀུར་ཌིཤ་པེཤ་མར་གའི་ དམག་མི་ཚུ་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་ ༦ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དེ་མ་ཚད་ ཨི་རག་གི་ གྲུ་ཚུགས་ཉེ་འདབས་ལུ་ ས་སྣུམ་འབག་མི་ གྲུ་ཚུ་ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་ལས་ ཕྱི་རྒྱལ་གྱི་ ལས་བྱེདཔ་འཐུས་མི་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ གསལ་བཤད་འབད་ནུག།
ཨིཛ་རེལ།
ཨི་རཱན་གྱིས་ མི་ཛ་ཡེལ་ཐོག་ལས་ ཨིཛ་རེལ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༦ དམར་བསད་འབད་བའི་ཁར་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ལྷོ་ཕྱོགས་ལེ་བཱ་ནཱོན་ལུ་ ཁོང་རའི་དམག་མི་ ༣ ཡང་ དམར་བསད་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་ ༣ པའི་ཚེས་ ༢༢ ལུ་ཡང་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ལེ་བ་ནཱོན་གྱི་ ས་མཚམས་ཉེ་འདབས་ལུ་ ཨིཛ་རེལ་གྱི་ སོ་ནམ་པ་ཅིག་ བསད་ཡོདཔ་མ་ཚད་ སྤྱི་ཟླ་ ༣ པའི་ཚེས་ ༢༤ ལུ་ཡང་ བྱང་ཕྱོགས་ཨིཛ་རེལ་ལུ་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ ཨམ་སྲུ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
ཡུ་ཨེཛ།
ཡུ་ཨེཛ་གི་ ཞབས་ཏོག་ལས་སྡེའི་ འཐུས་མི་ ༡༣ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཡུ་ཨེཛ་དམག་མི་ཚུ་གིས་ ཨི་རག་ལུ་ ས་སྣུམ་སྐྱེལ་འདྲེན་འབད་མི་ མཁའ་དམག་གནམ་གྲུ་ཅིག་ལུ་ཡང་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༦ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་བཟུམ་སྦེ་ ཨི་རཱན་ལུ་ དམག་རྐྱབ་མི་ དམག་མི་ ༧ དང་ ཨི་རཱན་གྱི་ དམག་མི་ ༢ རྩིས་ཏེ་ མི་གྲངས་ ༡༠ ལུ་ཡང་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཀ་ཊར།
སྤྱི་ཟླ་ ༣ པའི་ཚེས་ ༢༢ ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ འཕྲུལ་ཆས་ལུ་ སྐྱོན་ཞུགས་སྟེ་ ཀ་ཊར་མངའ་ཁོངས་ཀྱི་ གཙང་ཆུའི་ནང་ བུད་སོངཔ་ལས་ མི་ ༧ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ ཀ་ཊར་གྱི་ དམག་མི་ ༤ དང་ ཀ་ཊར་དང་ ཊར་ཀི་མཉམ་འབྲེལ་གྱི་ དམག་སྡེའི་ནང་ལས་ ཊར་ཀིའི་དམག་མི་ ༡ དེ་ལས་ ཊར་ཀི་སྲུང་སྐྱོབ་ལས་སྡེ་ ཨེ་སེལ་སན་ཟེར་མིའི་ནང་ ལཱ་འབད་མི་ འཕྲུལ་རིགཔ་ ༢ ཨིནམ་སྦེ་བཀོད་ནུག།
ཀུ་ཝེཊ།
ཀུ་ཝེཊ་གི་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨི་རཱན་གྱིས་ གནོད་འཚུབ་བཀལ་མིའི་ནང་ མི་སེར་ ༢ དང་ ནང་སྲིད་ལྷན་ཁག་གི་ འགོ་དཔོན་ ༢ དམག་མི་ ༢ འབདཝ་ད་ མི་གྲངས་ ༦ ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།
ནུབ་ཕྱོགས་ཆུ་འགྲམ།
ཨིཛ་རེལ་གྱིས་ དབང་བཟུང་འབད་མི་ ནུབ་ཕྱོགས་རྒྱ་མཚོའི་མཐའ་མར་ ཨི་རཱན་གྱིས་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་ལས་ པེ་ལིཛ་ཊིན་གྱི་ ཨམ་སྲུ་ ༤ ལུ་ ཤི་རྐྱེན་བྱུང་ནུག།
སི་རི་ཡ།
སྤྱི་ཟླ་ ༢ པའི་ཚེས་ ༢༨ ལུ་ ཨི་རཱན་གྱིས་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལཝ་ད་ སི་རི་ཡའི་ ལྷོ་ཕྱོགས་ཁྲོམ་སྡེ་ སུ་ཡི་ཌ་ཁྲོམ་གྱི་ སྒྲིང་ཁྱིམ་ཅིག་ལུ་ ཕོག་ཡོདཔ་ལས་ མི་སེར་ ༤ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཨོ་མཱན།
སྤྱི་ཟླ་ ༣ པའི་ཚེས་ ༡༣ ལུ་ སི་རི་ཡའི་ སོ་ཧར་མངའ་སྡེའི་ནང་ བཟོ་གྲྭ་འཕྲུལ་ཁང་ཅིག་ལུ་ མཁའ་དམག་འཕྲུལ་ཆས་ ཌཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་སེར་ ༢ དམར་བསད་འབད་ཡོདཔ་ད་ དེ་ཡང་ ཡུ་ཨེཛ་དང་ ཨི་རཱན་གྱི་བར་ན་ བར་འདུམ་གྱི་ གྲོས་བསྟུན་འབད་བའི་བསྒང་ཡོད་མི་ རྒྱལ་ཁབ་ནང་འཁོད་ལུ་ ཤི་རྐྱེན་བྱུང་མི་དེ་ འགོ་དང་པ་ཨིན་པས། དེ་མ་ཚད་ དེ་གི་ཧེ་མ་ཡང་ མུཛ་ཀེཊ་རྒྱ་མཚོའི་མཐའ་མར་ མི་ཛ་ཡེལ་གྱི་ཐོག་ལས་ ས་སྣུམ་སྐྱེལ་འདྲེན་འབད་མི་ གྲུ་ཅིག་ལུ་ གནོདཔ་བཀལ་ཡོདཔ་ལས་ མི་ ༡ ལུ་ ཤི་རྐྱེན་བྱུང་ནུག།
སའུ་དི་ཨ་ར་བི་ཡ།
སའུ་དི་ཨ་ར་བི་ཡའི་རྒྱལ་ས་ རི་ཡད་ཀྱི་ ཤར་ལྷོ་ཁ་ཐུག་ལུ་ཡོད་མི་ ཨཱལ་ཁ་རཱཇ་ཁྲོམ་སྡེའི་ནང་ མེ་སྒྱོགས་ཀྱིས་ སྡོད་ཁྱིམ་ཅིག་ལུ་ ཕོག་ཡོདཔ་ལས་ མི་ ༢ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
བྷ་རེན།
ཨི་རཱན་གྱིས་ བྷ་རེན་གྱི་ ས་གནས་ཁག་ ༢ ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ མི་ ༢ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ འཕྲལ་ཁམས་ཅིག་ཁར་ བྷ་རེན་གྱི་རྒྱལ་ས་ མ་ན་མ་ལུ་ཡང་ སྡོད་ཁང་སྒྲིང་ཁྱིམ་ཅིག་ལུ་ གནོདཔ་བཀལ་ཡོདཔ་ད་ དེ་བཟུམ་སྦེ་ སྤྱི་ཟླ་ ༣ པའི་ཚེས་ ༢༤ ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་ལས་ མོ་རོ་ཀོའི་ མི་ཁུངས་ཨིན་མི་ ཞི་བའི་ཁ་འབགཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
ཕ་རཱནཛ།
ཨི་རག་གི་ བྱང་ཕྱོགས་ཁ་ཐུག་ལུ་ དྲག་ཐོག་དབང་བཙོངཔ་ཚུ་ལུ་ གདོང་ལན་འབད་ནི་གི་ སྦྱོང་བརྡར་བྱིན་པའི་བསྒང་ཡོད་མི་ ཕ་རཱནཛ་གི་ དམག་མི་ ༡ ལུ་ ཤི་རྐྱེན་དང་ གཞན་མི་ ༦ ལུ་ རྨ་སྐྱོན་བྱུང་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།





Users Today : 1668
Users Yesterday : 1607
This Month : 38880
This Year : 174569
Total Users : 886385
Views Today : 4090
Total views : 2611564
Who's Online : 11