མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་ མི་དབང་རྒྱལ་སྲས་རྣམ་གཉིས་ཀྱིས་ ཀུན་གསལ་ཕོ་བྲང་ལུ་ སྨོན་ལམ་ཆེན་མོའི་ མཇུག་སྡུད་མཛད་སྒོའི་ནང་ དབུ་བཞུགས་མཛད་གནང་ཡོདཔ།

མགོན་པོ་རྡོ་རྗེ།
རང་ཟླ་ ༤ པའི་ཚེས་ ༡༢ སྤྱི་ཟླ་ ༥ པའི་ཚེས་ ༢༨ ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ཚོགས་གནང་མི་ ཐིམ་ཕུ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ ཐེངས་ ༩ པ་དེ་ རང་ཟླ་ ༤ པའི་ཚེས་ ༡༩ སྤྱི་ཟླ་ ༦ པའི་ཚེས་ ༤ ལུ་ གྲོལ་གནང་ནུག།
སྨོན་ལམ་ཆེན་མོའི་ མཇུག་སྡུད་མཛད་སྒོའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ཚུ་གིས་ དབུ་བཞུགས་དང་ ཐུགས་སྨོན་ཚུ་ གནང་ཡོདཔ་ཨིན་པས།
སྤྱི་ཟླ་ ༦ པའི་ཚེས་ ༤ ལུ་ མི་དབང་རྒྱལ་བཙུན་མཆོག་ དགུང་ལོ་ ༣༦ བཞེས་པའི་ འཁྲུངས་སྐར་དུས་སྟོན་ཨིནམ་ལས་ སྨོན་ལམ་ཚོགས་ཆུང་གིས་ འབྲུག་པའི་མི་སེར་ཚུ་གི་ ངོ་ཚབ་སྦེ་ མི་དབང་རྒྱལ་བཙུན་མཆོག་ལུ་ སྐུ་གསུང་ཐུགས་རྟེན་གྱི་ མཎྜལ་ཕུལ་ནུག།
བདུན་ཕྲག་ ༡ གི་རིང་ལུ་ ཚོགས་གནང་མི་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་དེ་ འཕགས་པའི་དགེ་འདུནམ་ ཞལ་གྲངས་ ༧༠༠ ལྷགཔ་ཅིག་གིས་ གནང་ཡོདཔ་མ་ཚད་ དད་ལྡན་མི་སེར་ མང་རབས་ཅིག་ཡང་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།
རང་ཟླ་ ༤ པའི་ཚེས་ ༣༠ སྤྱི་ཟླ་ ༦ པའི་ཚེས་ ༡༥ ལས་ འགོ་བཙུགས་ཏེ་ ཟླ་ངོ་ ༡ གི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་དང་ དཀྱིལ་ཆོག་རྡོ་རྗེ་འཕྲེང་བའི་ བཀའ་དབང་ཚུ་ གནང་ནི་ཨིན་པའི་སྐོར་ལས་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་མཆོག་གིས་ གསལ་བསྒྲགས་གནང་ཡི།
ཐིམ་ཕུ་ལུ་ བཀའ་ཁྲིད་གནང་དགོ་པའི་སྐོར་ལས་ མི་རྗེ་བློན་ཆེན་མཆོག་ སྤྱི་ཟླ་ ༥ པའི་ཚེས་ ༣༡ ལུ་ སྨོན་ལམ་ཆེན་མོ་ ཚོགས་གནང་སར་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་ཐོག་ལས་ གསོལཝ་བཏབ་ཡོདཔ་བཞིན་དུ་ ཞལ་བཞེས་མཛད་ཡོདཔ་ཨིན་པས།
དེ་མ་ཚད་ ལས་ཚོགས་སློབ་དཔོན་མཆོག་གིས་ སྤ་རོ་ལུ་ བཀའ་ཁྲིད་ཐེངས་ ༢ པ་དང་ དེ་བཟུམ་སྦེ་ སྤུ་ན་ཁ་ལུ་ཡང་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་དང་ དཀྱིལ་ཆོག་རྡོ་རྗེ་འཕྲེང་བའི་ བཀའ་དབང་ཚུ་ གནང་ནི་ཨིན་པའི་སྐོར་ལས་ཡང་ གསལ་བསྒྲགས་གནང་ཡོད་པའི་གནས་ཚུལ།

Please follow and like us: