ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ བཀའ་དབང་གནང་ནི།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རང་ཟླ་ ༤ པའི་ཚེས་ ༣༠ སྤྱི་ཟླ་ ༦ པའི་ཚེས་ ༡༥ ལས་ ཟླ་ངོ་ ༡ ལྷགཔ་ཅིག་གི་རིང་ལུ་ དཀྱིལ་འཁོར་རྡོ་རྗེ་འཕྲེང་བའི་ བཀའ་དབང་དང་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་ཟབ་མོ་ཚུ་ གནང་ནི་གི་ ལས་རིམ་ཡོདཔ་ཨིན་པས།

དེ་ཡང་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ གནང་ནི་ཨིནམ་ད་ དུས་ཅི་ བཀའ་དབང་ཞུ་མི་ཚུ་ མི་ཟིལ་ཅིག་ཡང་ ཀུན་གསལ་ཕོ་བྲང་ལུ་ གུར་སྤུབས་ཏེ་ སྡོད་མ་ཆོགཔ་ལས་ སྟོན་པ་རྡོར་གདན་མའི་ ས་ཁོངས་ཚུ་ གཙང་སྦྲ་དང་ལྡན་ཏོག་ཏོ་སྦེ་ བཞག་ནི་ལུ་ ཁེ་ཕན་འབྱུང་ནི་ཨིན་པས།

དེ་བཟུམ་སྦེ་ བཀའ་དབང་ཞུ་མི་ཚུ་ སྐྱེལ་འདྲེན་གྱི་དོན་ལུ་ཡང་ ཉིན་ལྟར་བཞིན་དུ་ དྲོ་པའི་ཆུ་ཚོད་ ༥ ལས་ ༧ ཚུན་ ས་གནས་ཁག་སོ་སོ་ལས་ སྣུམ་འཁོར་བཱཛ་དང་ གླ་འཁོར་ཚུ་ བཙུགས་ནི་ཨིནམ་མ་ཚད་ བཀའ་དབང་འགྲོལ་བའི་ཤུལ་ལུ་ཡང་ དྲོ་པ་བཟུམ་སྦེ་ར་ སྣུམ་འཁོར་བཱཛ་དང་ གླ་འཁོར་ཚུ་གིས་ སྐྱེལ་འདྲེན་འབད་ནི་ཨིནམ་ལས་ སྒེར་འཁོར་ཚུ་ མ་པ་ལས་ར་ འགྲུལ་སྐྱོད་འབད་མ་ཆོགཔ་སྦེ་བཟོ་ནུག།

ཨིན་རུང་ བཀའ་དབང་ཞུ་མི་ རྒན་རྒས་དང་ ལྕོགས་གྲུབ་མེད་མི་ཚུ་ རང་སོའི་སྒེར་འཁོར་ནང་སྦེ་ སྐྱེལ་དགོ་པ་ཅིན་ དྲོ་པའི་ཆུ་ཚོད་ ༥ གི་ཧེ་མ་ འགྲུལ་སྐྱོད་འབད་དགོ་ནི་ཨིན་པའི་གནས་ཚུལ།

Please follow and like us: