སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀའ་ཁྲིད་སྔོན་འགྲོའི་ མངོན་རྟོགས་ཀྱི་ གསུང་ཆོག་ནང་ དབུ་བཞུགས་མཛད་གནང་ཡོདཔ།

མགོན་པོ་རྡོ་རྗེ།

རང་ཟླ་ ༤ པའི་ཚེས་ ༣༠ སྤྱི་ཟླ་ ༦ པའི་ཚེས་ ༡༥ ལུ་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ཟབ་ཅིང་རྒྱ་ཆེ་བའི་ ཆོས་ཀྱི་སྙིང་པོ་ དཀྱིལ་ཆོག་རྡོ་རྗེ་ཕྲེང་བའི་ བཀའ་དབང་དང་ བཀའ་ཁྲིད་གནང་ནི་གི་ སྔོན་འགྲོ་ལུ་ བྱིན་རླབས་ཀྱི་གཏེར་ཆེན་ མངོན་རྟོགས་ཀྱི་ གསུང་ཆོག་ནང་ དབུ་བཞུགས་མཛད་གནང་ཡི།

དེ་སྦེ་ མངོན་རྟོགས་ཀྱི་ གསུང་ཆོག་གནང་པའི་ མཛད་སྒོའི་རྟེན་འབྲེལ་ནང་ གནམ་ཁ་ལུ་ འཇའ་མཚོན་སྣ་ལྔའི་ གུར་ཁྱིམ་སྤུབས་ནི་ལ་སོགས་པའི་ བྱིན་རླབས་ཅན་གྱི་ རྟགས་མཚན་བཟང་པོ་ ལེ་ཤ་ཅིག་ འགྲིགས་གནང་པའི་ སྐལ་བཟང་གི་ཉིནམ་འདི་ཁར་ ལོ་ཙཱ་བ་ཆེན་པོ་ བེེ་རོ་ཙ་ནའི་ཡང་སྲིད་ མཆོག་སྤྲུལ་རིན་པོ་ཆེ་དང་ གཞུང་གྲྭ་ཚང་གི་ བླ་སློབ་ལྷན་རྒྱས་ཚུ་གིས་གཙོས་པའི་ འཕགས་ཚོགས་དགེ་འདུན་འདུས་པ་ཚུ་ ལྷན་འཛོམས་གནང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ གཞུང་བློན་ཆེན་གྱིས་གཙོས་པའི་ བློན་པོ་ལྷན་རྒྱས་ཚུ་དང་ གཞུང་གི་འགོ་དཔོན་ཚུ་གིས་མ་ཚད་པར་ དད་ལྡན་སེར་སྐྱ་ཕོ་མོ་ ཁྲི་ཕྲག་ལས་བཅད་མི་ཚུ་གིས་ཡང་ ཐིམ་ཕུ་ཀུན་གསལ་ཕོ་བྲང་གི་ ནང་རྟེན་གཙོ་བོ་ སྟོན་པ་ཐུགས་རྗེ་ཅན་གྱི་སྤྱན་སྔར་ དད་གུས་སྤྲོ་གསུམ་གྱི་སྒོ་ལས་ གྲལ་བཞུགས་མཛད་ཡོད་པའི་གནས་ཚུལ།

Please follow and like us: