མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མཐའ་ཡས་ལེན་གྱི་ མི་དབང་རྒྱལ་སྲསམོ་གཤགས་མིའི་ སྤུར་སྦྱང་གི་དོན་ལས་ བེང་ཀོག་ལུ་ ཆིབས་བསྐྱོད་གནང་ཡོདཔ།

པདྨ་དབང་འདུས།
སྤྱི་ཟླ་ ༦ པའི་ཚེས་ ༡༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མཐའ་ཡས་ལེན་གྱི་ མི་དབང་རྒྱལ་སྲསམོ་ བཱཇ་ར་ཀི་ཏི་ཡ་བྷ་ ན་རེན་དི་ར་དེ་བི་ཡ་ཝ་ཏི་མཆོག་གི་ སྤུར་སྦྱང་དང་ མི་དབང་རྒྱལཔོ་ མཧཱ་བ་ཇི་ར་ལོང་ཀཱོན་མཆོག་གིས་ དབུ་གཙོས་པའི་ སྐུ་འཁོར་ལྷན་རྒྱས་ལུ་ ཐུགས་གསོའི་དོན་ལས་ མཐའ་ཡས་ལེན་ལུ་ ཆིབས་བསྐྱོད་གནང་ནུག།
དེ་ཡང་ མི་དབང་མངའ་ཞབས་མཆོག་དང་ མི་དབང་བཙུན་མཆོག་གིས་ བེང་ཀོག་ལུ་ ཕོ་བྲང་ཆེན་མོའི་ནང་ བི་མཱན་ར་ཏ་ཡ་ གསེར་ཁྲི་ཁང་བཟང་ནང་ སྤུར་སྦྱང་གི་ གསུང་ཆོག་གནས་སར་བྱོན་ཏེ་ མི་དབང་རྒྱལ་སྲསམོ་ ཞིང་གཤགས་ཀྱི་ སྐུ་ཕུང་གི་མདུན་ལུ་ མེ་ཏོག་གི་ ཕྲེང་བ་ཚུ་ ཕུལ་གནང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ མི་དབང་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ མཐའ་ལེན་གྱི་ མི་དབང་རྒྱལཔོ་དང་ རྒྱལ་བཙུན་རྣམ་ ༢ ཀྱིས་ དབུ་གཙོས་པའི་ སྐུ་འཁོར་ལྷན་རྒྱས་དང་གཅིག་ཁར་ མི་དབང་རྒྱལ་སྲསམོ་ཞིང་གཤགས་ཀྱི་ སྐུ་ཚིགས་དང་པའི་ སྨོན་ལམ་ནང་ དབུ་བཞུགས་མཛད་གནང་ནུག།
སྐུ་ཚིགས་དང་པ་ ས་ཏམ་བ་ར་ཟེར་མི་དེ་ མཐའ་ཡས་ལེན་གྱི་ རྒྱལ་འཛིན་ལམ་སྲོལ་དང་ ནང་པའི་ཆོས་ལུགས་དང་བསྟུན་ཏེ་ སྐུ་འཁོར་ནང་མི་ཅིག་ ཞིང་ལུ་ཕེབས་ཏེ་ སྐུ་ཞག་བདུན་ལངམ་ད་ ཞིང་ཕེབས་ཀྱི་དོན་ལུ་ ཚོགས་བསགས་སྒྲིབ་སྦྱོང་དང་ སྨོན་ལམ་གྱི་དོན་ལུ་ བརྩི་སྲུང་ཞུ་སྲོལ་ཡོད་པའི་ འདས་ཆོག་གི་ རིམ་པ་ཅིག་ཨིན་པས།
མི་དབང་རྒྱལཔོ་ མཧཱ་བ་ཇི་ར་ལོང་ཀཱོན་མཆོག་གི་ སྲསམོ་རྒན་ཤོས་ མི་དབང་རྒྱལ་སྲསམོ་ཞིང་གཤགས་ བཱཇ་ར་ཀི་ཏི་ཡ་བྷ་དེ་ སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ གཤགས་ཡོདཔ་ད་ ད་རེས་ མཐའ་ཡས་ལེན་ལུ་ རྒྱལ་ཡོངས་མྱ་ངན་གྱི་དུས་སྦེ་ བརྩི་སྲུང་ཞུཝ་ཨིན་པའི་གནས་ཚུལ།

Please follow and like us: