ཡུ་ཨེཛ་དང་ ཨི་རཱན་གྱི་བར་ན་ ཕྱད་མདའ་མཚམས་འཇོག་གི་ གསུང་གྲོས་དང་པ་དེ་ ལེགས་ཤོམ་སོང་ཡོདཔ།

བི་བི་སི།  

ཀ་ཊར་དང་ པ་ཀིཛ་ཏཱན་གྱི་ འདུམ་འགྲིག་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་དང་ ཨི་རཱན་གྱི་བར་ན་ ཕྱད་མདའ་མཇུག་བསྡུའི་དོན་ལུ་ གསུང་གྲོས་དང་པ་དེ་ ལེགས་ཤོམ་སོང་ཡི་ཟེར་ཨིནམ་ད་ གསུང་གྲོས་དེ་ཡང་ སུའི་ཛར་ལེན་ལུ་སྦེ་ སྤྱི་ཟླ་ ༦ པའི་ཚེས་ ༢༡ ལས་ འགོ་བཟུང་སྟེ་ གནང་ཡོདཔ་ཨིན་པས།

སྤྱི་ཟླ་ ༦ པའི་ཚེས་ ༢༢ ལུ་ ཀ་ཊར་དང་ པ་ཀིཛ་ཏཱན་གྱིས་ མཉམ་འབྲེལ་གསལ་བསྒྲགས་ཅིག་ནང་ ཆེ་རིམ་ཚོགས་ཆུང་གི་ ཁ་ཐུག་ལས་ ཉིན་གྲངས་ ༦༠ གི་ ནང་འཁོད་ལུ་ མཐའ་བཅད་འགྲིག་ཆའི་དོན་ལས་ མདུན་ལམ་ཅིག་ལུ་ ཁ་འཆམ་བྱུང་ཡོདཔ་ལས་ ཁྱད་ཆོས་ཀྱི་ གསུང་གྲོས་ཚུ་ བདུན་ཕྲག་ ༡ གི་རིང་ལུ་ འཕྲོ་མཐུད་དེ་ར་ གནང་ནི་ཨིནཔ་སྦེ་བཀོད་ནུག།

ཡུ་ཨེཛ་གི་ དོན་གཅོད་ལས་བྱེདཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གསུང་གྲོས་སྐབས་ལུ་ ཧོར་མུཛ་མཚོ་ལམ་གྱི་ བཀག་དམ་དེ་ གུ་ཡངས་གཏང་ནི་དང་ ལེ་བཱ་ནཱོན་ལུ་ ཕྱག་མདའ་མཚམས་འཇོག་དང་འབྲེལ་ཏེ་ ཨི་རཱན་གྱི་བརྡ་འཕྲིན་ མགུ་ཐོམ་སི་སི་ཡོད་མི་ ལ་ལོ་ཅིག་ དྭངས་གསལ་བཟོ་ནི་ལུ་ གཙོ་བོར་བཟུང་དོ་ཡོདཔ་སྦེ་ཨིན་པས།

འདུམ་འགྲིག་པ་ཚུ་གི་ མཉམ་འབྲེལ་གསལ་བསྒྲགས་ནང་ ཧོར་མུཛ་མཚོ་ལམ་བདའ་སྟེ་ ཚོང་འབྲེལ་གྲུ་གཟིངས་ཚུ་ ཉེན་སྲུང་དང་ལྡན་ཏོག་ཏོ་སྦེ་ འགྲུལ་བསྐྱོད་འབད་ཐབས་ལུ་ བརྒྱུད་འབྲེལ་ཐབས་ལམ་ཅིག་ཡང་ གཞི་བཙུགས་འབད་དེ་ཡོདཔ་སྦེ་བཀོད་ནུག།

ཨིན་རུང་ ཨིཛ་རེལ་དང་ ཧེཛ་བོ་ལའི་བར་ན་ ལེ་བཱ་ནཱོན་ལུ་ ཕྱད་མདའ་འཕྲོ་མཐུད་དེ་ར་ རྐྱབ་མིའི་ནང་ ལེ་བཱ་ནཱོན་གྱི་ ཨམ་སྲུ་དང་ ཨ་ལོ་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ ཡུ་ཨེཛ་གིས་ ཨིཛ་རེལ་དང་ ཧེཛ་བོ་ལའི་བར་ན་ ཕྱད་མདའ་མཚམས་འཇོག་གི་དོན་ལུ་ གསལ་བསྒྲགས་བསྐྱར་ལོག་འབད་ཡོདཔ་ཨིན་པས།

མ་གཞི་ ད་རེས་ ལེ་བཱ་ནཱོན་་ལུ་ ཕྱད་མདའ་དེ་ ཉུང་སུ་ཐལ་ཏེ་ཡོད་རུང་ ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏ་ནི་ཡ་ཧུ་གིས་ ཨིཛ་རེལ་གྱི་ དམག་མི་ཚུ་ ལྷོ་ལེ་བཱ་ནཱོན་ལུ་ དགོས་དོན་ཡོད་པའི་ དུས་ཚོད་ཚུན་ཚོད་ བཞག་ནི་ཨིན་ཟེར་ བཤད་ཡོད་རུང་ ཧེཛ་བོ་ལའི་འགོ་ཁྲིདཔ་ ན་ཡིམ་ཀ་སཱེན་གྱིས་ ཨིཛ་རེལ་གྱི་ དམག་མི་ཚུ་ ལེ་བཱ་ནཱོན་ལས་ གཏོན་བཏང་དགོཔ་སྦེ་ར་ སླབ་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: