
སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ དཀྱིལ་འཁོར་རྡོ་རྗེ་འཕྲེང་བའི་ བཀའ་དབང་དང་ བཀའ་ཁྲིད་གནང་སར་ ཧེ་མ་ལས་ མི་སེར་ལེ་ཤ་ཅིག་ སྤུངས་འཛོམས་འབད་དེ་ཡོད་པའི་གུ་ རང་ཟླ་ ༥ པའི་ཚེས་ ༡༠ སྤྱི་ཟླ་ ༦ པའི་ཚེས་ ༢༤ ལུ་ སྤྲེལ་ཟླ་ཚེས་བཅུ་ཟེར་ ཨྱོན་གུ་རུ་རིན་པོ་ཆེ་ སྐུ་འཁྲུངས་པའི་ དུས་ཆེན་ཁྱད་པར་ཅན་ལུ་ གཞུང་གི་ངལ་གསོ་ཨིནམ་ལས་ ཨ་རྟག་དང་མ་འདྲ་བའི་ མི་སེར་ཁྲི་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ནུག།
དེ་འབཝད་ལས་ ཀུན་གསལ་ཕོ་བྲང་དེ་ སྨོན་ལམ་དང་ དད་དམ་ རེ་འདུན་རྒྱ་མཚོ་འཁྱིལ་བའི་ ས་གོ་བྱིན་ལྡན་ཅིག་ལུ་ གྱུར་ཡོདཔ་ད་ དེ་ཚེ་དྲོ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་གནང་ནི་གི་ ལས་འགུལ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་གནང་ཡོདཔ་ཨིན་པས།
དེ་ཡང་ ཀུན་གསལ་ཕོ་བྲང་ལུ་ བཀའ་དབང་དང་ བཀའ་ཁྲིད་གནང་ནི་དང་ སྤྲེལ་ཟླ་ཚེས་བཅུ་ཟུང་འབྲེལ་གྱི་ དུས་སྐབས་ནང་ དེ་བཟུམ་མའི་ རྒྱབ་སྐྱོར་གནང་མི་དེ་ ག་ནི་བ་ཡང་ རྟེན་འབྲེལ་ཁྱད་པར་ཅན་ཅིག་ཨིན་པའི་ ཐུགས་བཞེད་གནང་ནུག།
བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་ནི་ཨིན་མི་ ལས་འགུལ་ཁ་ཐུག་ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དེ་བཟུམ་མའི་ བྱིན་རླབས་ཆེ་བའི་ རྒྱབ་སྐྱོར་དང་ རྒྱལ་ཁམས་ཀྱི་ ལམ་སྟོན་ལུ་ རྒྱུན་ཆད་མེད་པའི་ ཐུགས་སྨོན་དང་ བྱམས་སྙིང་གིས་ གཟིགས་གནང་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ ཞུ་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1331203
Views Today :
Total views : 5000
Who's Online :