མི་རྗེ་བློན་ཆེན་མཆོག་གིས་ ཐིམ་ཕུ་སྒྱིད་དར་གོངམ་ལུ་ རྒྱལ་འཛིན་འབུ་ནད་ལྟེ་བའི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་ཡོདཔ།

པདྨ་དབང་འདུས།

སྤྱི་ཟླ་ ༦ པའི་ཚེས་ ༢༧ ལུ་ མི་རྗེ་བློན་ཆེན་མཆོག་གིས་ རྒྱ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེའི་གཙོ་འཛིན་ ཌོག་ཊར་ཨ་ཀི་ཧི་ཀོ་ཏ་ན་ཀ་དང་ རྒྱ་པཱན་ལས་ལྷོད་པའི་ འཐུས་མི་སྡེ་ཚན་ དེ་ལས་ རྒྱ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་དང་ དའི་ནི་པཱོན་བཟོ་བསྐྲུན་ལས་ ཆ་རོགས་ཚུ་དང་གཅིག་ཁར་ ཐིམ་ཕུ་སྒྱིད་དར་གོངམ་ལུ་ རྒྱལ་འཛིན་འབུ་ནད་ལྟེ་བའི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་ནུག།

རྒྱ་པཱན་གཞུང་དང་ མི་སེར་ཚུ་གིས་ དངུལ་ཀྲམ་ཐེར་འབུམ་ ༢.༢ གནང་སྦྱིན་བྱིན་ཐོག་ལས་ བཟོ་བསྐྲུན་འབད་མི་ ལྟེ་བ་དེ་གིས་ འབུ་ནད་སྔོན་འགོག་དང་ འབུ་ནད་གདོང་ལན་གྱི་དོན་ལུ་ འབྲུག་གི་གཙུག་སྡེ་མཐོ་ཤོས་སྦེ་ ཞབས་ཏོག་ཚུ་ འགྲུབ་ནི་ཨིན་པས།

འགོ་འབྱེད་རྟེན་འབྲེལ་སྐབས་ལུ་ མི་རྗེ་བློན་ཆེན་མཆོག་གིས་ རྒྱ་པཱན་གཞུང་དང་ མི་སེར་ རྒྱ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་ཚུ་གིས་ དུས་རྒྱུན་དུ་ རྒྱབ་སྐྱོར་འབད་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ འབྲུག་དང་ རྒྱ་པཱན་གྱི་བར་ན་ དོན་གཅོད་མཐུན་འབྲེལ་ འགོ་བཙུགས་ཏེ་ མི་ལོ་ ༤༠ འཁོར་བའི་ དུས་དྲན་གྱི་ གནས་སྐབས་ནང་ ལྟེ་བ་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་ཡུན་བརྟན་གྱི་ བརྡ་མཚོན་ཡང་ སྟོནམ་ཨིན་ཟེར་གསུངས་ནུག།

དེ་མ་ཚད་ མི་རྗེ་བློན་ཆེན་མཆོག་གིས་ ད་ལས་ཕར་ཡང་ ཚེ་སྲོག་ཉེན་སྐྱོབ་དང་ རྒྱལ་ཡོངས་ཀྱི་ ཡུན་བརྟན་བཙན་ཐབས་དོན་ལུ་ གཙུག་སྡེ་ཚུ་ སྒྲིང་སྒྲིང་བཟོ་ནིའི་ནང་ མ་རྩ་གཞི་བཙུགས་བརྒྱུད་དེ་ དཀའ་ངལ་མ་འཐོན་པའི་ སྔ་གོང་ལས་ གྲ་འགྲིག་ཚུ་འབད་ནི་ལུ་ ཁས་ལེན་བསྐྱར་གསོ་ཡང་ མཛད་ཡོད་པའི་གནས་ཚུལ།

Please follow and like us: