
མགོན་པོ་རྡོ་རྗེ།
དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རང་ཟླ་ ༤ པའི་ཚེས་ ༣༠ སྤྱི་ཟླ་ ༦ པའི་ཚེས་ ༡༥ ལས་ འགོ་བཙུགས་ཏེ་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ དཀྱིལ་ཆོག་རྡོ་རྗེ་འཕྲེང་བའི་ བཀའ་དབང་དང་ བཀའ་ཁྲིད་ཟབ་མོ་ཚུ་ གནང་བཞིན་དུ་ཡོདཔ་ཨིན།
དེ་ཡང་ རང་ཟླ་ ༥ པའི་ཚེས་ ༡༩ སྤྱི་ཟླ་ ༧ པའི་ཚེས་ ༤ ལུ་ ཉིན་གྲངས་ ༡༨ པའི་ནང་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དཀྱིལ་ཆོག་རྡོ་རྗེ་འཕྲེང་བའི་ བཀའ་དབང་གི་ནང་གསེས་ རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག་གི་ བཀའ་དབང་ཚུ་ གནང་ཡོདཔ་ཨིན་པས།
དེ་ལས་ བཀའ་ཁྲིད་ཀྱི་ཐེད་ཁར་ ཕྱག་རྒྱ་ཆེན་པོའི་ ཐུན་མོང་དང་ ཐུན་མིན་གྱི་ སྔོན་འགྲོའི་གདམས་ངག་ཟབ་མོ་ ཡོངས་རྫོགས་དང་ ལྗགས་ལུང་གི་ལས་རིམ་ནང་ རྟེན་འབྲེལ་རབ་བདུན་མའི་ ཉམས་ལེན་ཟླ་བདུན་ངེས་པ་ཅན་གྱི་ ངག་འདོན་བཀླག་ཆོག་ཏུ་ བཀོད་པ་དང་ སྤྱོད་པ་ཆོས་ཀྱི་ཀླུ་ཟེར་མི་ འབྱུང་བ་རོ་སྙོམས་ཀྱི་ གདམས་ངག་ཟབ་མོ་ཚུ་གནང་ནུག
དེ་བཟུམ་སྦེ་ རང་ཟླ་ ༥ པའི་ཚེས་ ༢༠ སྤྱི་ཟླ་ ༧ པའི་ཚེས་ ༥ ལུ་ ཉིན་གྲངས་ ༡༩ པར་ དཀྱིལ་ཆོག་རྡོ་རྗེ་འཕྲེང་བའི་ བཀའ་དབང་གི་ནང་གསེས་ འོད་ཟེར་ཅན་མ་ ལྷ་ཉེར་ལྔའི་ བཀའ་དབང་ཚུ་ གནང་ནི་ཨིན་པས།
དེ་མ་ཚད་ རང་ཟླ ༥ ཚེས་ ༡༩ སྤྱི་ཟླ་ ༧ པའི་ཚེས་ ༤ ལུ་ ཉིན་ཡོལ་ཆུ་ཚོད་ཕྱེད་དང་ ༢ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༣ གྱི་རིང་ལུ་ སྐྱབས་རྗེ་རིན་པོ་ཆེའི་ཞབས་ལས་ ལས་སྨོན་གཅིག་ཏུ་སྦྲེལ་བའི་ མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་ཚུ་ཡང་ བསྡོམ་གནངམ་ཨིན་པའི་གནས་ཚུལ།




Users Today : 2584
Users Yesterday : 3263
This Month : 16242
This Year : 453235
Total Users : 1165051
Views Today : 6635
Total views : 3188859
Who's Online : 14