
པདྨ་དབང་འདུས།
སྤྱི་ཟླ་ ༧ པའི་ཚེས་ ༦ ལུ་སི་ཡེ་ར་ལི་ཡོན་གྱི་ བརྒྱུད་འབྲེལ་འཕྲུལ་རིག་དང་ གསར་བཏོད་ལྷན་ཁག་དང་ འབྲུག་གི་རྒྱལ་ཡོངས་ཨང་ཅན་ངོ་རྟགས་ཚད་འཛིན་ དེ་ལས་ ས་ཡེན་གཞི་ཚོགས་ ༣ གྱིས་ སི་ཡེ་ར་ལི་ཡོན་གྱི་དོན་ལུ་ ཨང་ཅན་ངོ་རྟགས་ཀྱི་ གྲོས་གནས་བཟོ་བཀོད་དང་ གོང་འཕེལ་གཏང་སྟེ་ ལག་ལེན་འཐབ་ནིའི་ནང་ མཉམ་འབྲེལ་གྱི་ གོ་དོན་ཆིངས་ཡིག་ཅིག་གུ་ མིང་རྟགས་བཀོད་ནུག།
མཉམ་འབྲེལ་དེ་གིས་ སི་ཡེ་ར་ལི་ཡོན་གྱི་ ཨང་ཅན་གཞི་སྒྱུར་གྱི་ མདུན་བསྐྱོད་བརྡ་མཚོན་ སྟོན་དོ་ཡོད་པའི་ཁར་ མི་སེར་ཚུ་ལུ་ཡང་ ཞབས་ཏོག་སྤྲོད་ནི་དང་ དཔལ་འབྱོར་གོང་འཕེལ་བཙན་ཐབས་འབད་ནི་ དེ་ལས་ མི་མང་ཨང་ཅན་གྱི་ ཀུན་ཚང་གཞི་རྟེན་མཁོ་ཆས་ གོང་འཕེལ་གཏང་ཐོག་ལས་ མི་སེར་གྱི་ ལྕོགས་གྲུབ་ཡར་སེང་འབད་ནི་ཨིན་པས།
དེ་ཡང་ ཁོང་མཉམ་རོགས་ ༣ གྱིས་ རྒྱལ་ཡོངས་ཨང་ཅན་ངོ་རྟགས་ཀྱི་ གྲོས་གནས་གོང་འཕེལ་གཏང་སྟེ་ མི་སེར་ཚུ་གིས་ རང་སོའི་སྒེར་དོན་ཉེན་སྲུང་དང་ གནད་སྡུད་ཀྱི་རང་དབང་ཚུ་ བཙན་ཏོག་ཏོ་སྦེ་ རྒྱུན་སྐྱོང་འཐབ་ཚུགས་ནི་དང་སྦྲགས་ཏེ་ ངོ་རྟགས་ཚུ་ ཉེན་སྲུང་གི་སྒོ་ལས་ བདེན་ཁུངས་བཀལ་ཏེ་ འཛིན་སྐྱོང་འཐབ་ཚུགསཔ་ བཟོ་ནི་ཨིནམ་སྦེ་བཀོད་ནུག།
མཉམ་འབྲེལ་དེ་ནང་ མཉམ་རོགས་ཚུ་གིས་ ཁྱད་རིག་མཉམ་བསྡོམས་ཐོག་ལས་ ལག་ལེན་འཐབ་ནི་དང་ གཞུང་གི་གཙུག་སྡེ་ཚུ་གིས་ ལས་དོན་དེ་ རྒྱལ་ཡོངས་གནས་རིམ་ནང་ ལག་ལེན་འཐབ་ནི་གི་ རྒྱབ་སྐྱོར་ལུ་ བརྒྱུད་འབྲེལ་འཕྲུལ་རིག་དང་ གསར་བཏོད་ལྷན་ཁག་གིས་ ཐབས་བྱུས་ཅན་གྱི་ འགོ་ཁྲིད་དང་ སྲིད་བྱུས་ཀྱི་བཀོད་རྒྱ་ཚུ་ གནང་ནི་ཨིན་པས།
འབྲུག་གི་རྒྱལ་ཡོངས་ཨང་ཅན་ངོ་རྟགས་ཚད་འཛིན་གྱིས་ འབྲུག་གི་ཨང་ཅན་ངོ་རྟགས་རིམ་ལུགས་ བཟོ་སྒྲིག་འབད་ནིའི་ནང་ མཐར་འཁྱོལ་ཅན་གྱི་ ཉམས་མྱོང་ཚུ་ བརྗེ་སོར་ཐོག་ལས་ གཞི་རྟེན་སྒྲིག་བཀོད་ཀྱི་ ཁྱད་རིག་ཚུ་ སྤྲོད་ནི་དང་ ས་ཡེན་གཞི་ཚོགས་ཀྱིས་ གྲོས་གནས་རིམ་ལུགས་ བཟོ་བཀོད་དང་ དཀའ་ངལ་སེལ་ཐབས་ དེ་ལས་ ཁྱད་རིག་ལག་ལེན་ཚུ་ སྤྲོད་ནི་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དེ་མ་ཚད་ གོ་དོན་ཆིངས་ཡིག་འོག་ལུ་ མཉམ་འབྲེལ་ལས་བྱེད་སྡེ་ཚན་ཅིག་ གཞི་བཙུགས་འབད་ནི་དང་ སྡེ་ཚན་དེ་གིས་ གྲས་གནས་གོང་འཕེལ་གྱི་ ལག་ལེན་བལྟ་རྟོག་ ཁྱད་རིག་ལས་དོན་འགོ་འདྲེན་ ཐབས་བྱུས་ཅན་གྱི་ ལག་ལེན་གྱི་ མདུན་ལམ་ཚུ་ཡང་ གོ་རིམ་བཞིན་དུ་ བཀོད་ཐོག་ལས་ ལམ་སྟོན་ཚུ་འབད་ནི་ཨིན་པའི་པའི་གནས་ཚུལ།




Users Today : 3465
Users Yesterday : 3545
This Month : 27651
This Year : 464645
Total Users : 1176461
Views Today : 4774
Total views : 3208883
Who's Online : 17