
སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ བང་ལ་དེཤ་གི་རྒྱལ་ས་ དྷ་ཀ་ལུ་ གནས་བཞུགས་འབྲུག་གི་གཞུང་ཚབ་ དྲག་ཤོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ མ་ལེ་ལུ་ སྲིད་འཛིན་གྱི་ ཡིག་ཚང་ནང་སྦེ་ རྟེན་འབྲེལ་བརྩི་སྲུང་གི་སྒོ་ལས་ མཱལ་དིབཛ་གི་སྲིད་འཛིན་ ཌོག་ཊར་མོ་ཧ་མེད་ མུའི་ཛུ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ཕུལ་ནུག།
དེ་སྦེ་ ངོ་སྤྲོད་ཡིག་ཆ་ཕུལ་བའི་ རྟེན་འབྲེལ་སྐབས་ལུ་ དྲག་ཤོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ མཱལ་དིབཛ་གི་ སྲིད་འཛིན་དང་ མི་སེར་ཡོངས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲུག་གཞུང་ མི་སེར་ཚུ་གི་ཧོངས་ལས་ ལེགས་སྨོན་ཡོད་ལུགས་ ཞུ་བའི་ཁར་ འབྲུག་དང་ མཱལ་དིབཛ་གི་བར་ན་ཡོད་མི་ ཡུན་རིང་གི་ མཛའ་བཤེས་དེ་ གཏིང་ཟབ་བཟོ་ནི་ལུ་ ཁས་ལེན་བསྐྱར་གསོ་འབད་ཡོདཔ་ཨིན་པས།
དེ་མ་ཚད་ དྲག་ཤོས་ཀརྨ་ལྷ་མོ་གིས་ མཱལ་དིབཛ་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ ལོགས་སུ་སྦེ་ཕྱད་དེ་ མཐའ་དོན་གཅིག་པའི་ གནད་དོན་ཚུ་དང་ མཉམ་འབྲེལ་གྱི་ གོ་སྐབས་ཚུ་ འཚོལ་ཞིབ་ཀྱི་སྐོར་ལས་ཡང་ གསུང་གྲོས་ཚུ་གནང་ནུག།
མཱལ་དིབཛ་དང་ འབྲུག་གི་བར་ན་ དོན་གཅོད་མཐུན་འབྲེལ་དེ་ སྤྱི་ལོ་ ༡༩༨༤ སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ གཞི་བཙུགས་གནང་ཡོདཔ་ད་ དྲག་ཤོས་ཀརྨ་ལྷ་མོ་དེ་ མཱལ་དིབཛ་ལུ་ འབྲུག་གི་གཞུང་ཚབ་ ༡༣ པ་ཨིན་པའི་གནས་ཚུལ།






Users Today : 2742
Users Yesterday : 3519
This Month : 92759
This Year : 529752
Total Users : 1241568
Views Today : 4819
Total views : 3302267
Who's Online : 17