
སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་དབང་ཕྱུག་ཚུ་ དགེ་ལེགས་ཕུག་ལུ་ གཟིགས་སྐོར་གྱི་དོན་ལས་ ཆིབས་བསྐྱོད་གནང་ཡོདཔ་ཨིན་པས།
དེ་ཚེ་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བཞེངས་གནང་ནི་ཨིན་མི་ བྱང་ཆུབ་མཆོད་རྟེན་ ༡༠༨ ཀྱི་ གཟུངས་ཞུགས་ཚུ་ གསར་སྤང་རྫོང་ནང་སྦེ་ གྲ་སྒྲིག་གནང་སར་ ཐུགས་སྨོན་གནང་པར་ བྱོན་ཡོདཔ་བཞིན་དུ་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་མཆོག་གིས་ གཟུངས་ཞུགས་ཀྱི་ བྱིན་ལྡན་ཅ་དངོས་ཚུ་ མི་དབང་སྐུ་འཁོར་ལྷན་རྒྱས་ལུ་ སྤྱན་འབུལ་ཞུ་ནུག།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ཉིན་གཅིག་ལུ་ བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་ནི་ཨིན་མི་ ལས་འགུལ་དེ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ ཁས་བླངས་པ་ ༤༠,༠༠༠ དེ་ཅིག་གིས་ གྲལ་གཏོགས་འབད་དེ་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་བཟུམ་མའི་ རེ་འདུན་མཐོ་བའི་ དམིགས་བསལ་གྱི་ ལས་འགུལ་དེ་གིས་ འབྲུག་མི་ཚུ་གི་ གཅིག་སྒྲིལ་དང་ ལྕོགས་གྲུབ་ཀྱི་ བརྡ་མཚོན་སྟོན་པའི་ཁར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ བྱིན་རླབས་ཅན་གྱི་ ས་ཁོངས་ཅིག་ལུ་ འགྱུར་ནི་ཨིནམ་སྦེ་ གནས་ཚུལ་གསལ་བཏོན་ནང་བཀོད་ནུག།
མི་དབང་སྐུ་འཁོར་ལྷན་རྒྱས་ དགེ་ལེགས་ཕུག་ལུ་ བཞུགས་པའི་རིང་གར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་འགུལ་མ་འདྲཝ་ཚུ་ནང་ ལཱ་འབད་མི་ཚུ་དང་ དགེ་ལེགས་ཕུག་གི་ ཚོང་པ་དང་ མི་སེར་ཚུ་དང་ མཇལ་ཕྲད་མཛད་གནང་ཡོད་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1446907
Views Today :
Total views : 5000
Who's Online :