
བི་བི་སི།
སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ ཡུ་ཨེཛ་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨི་རཱན་གྱིས་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ལེ་ཤ་ཅིག་ ལག་ལེན་འཐབ་སྟེ་ ཨ་མེ་རི་ཀའི་ དམག་སྒར་ཚུ་ནང་ ཧང་སྟོང་མར་ གནོད་འཚུབ་བཀལ་ཐབས་འབདཝ་ལས་ ཕྱད་མདའ་མཚམས་འཇོག་འབད་ནི་ལུ་ གནོད་པ་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཨི་རཱན་གྱི་ བཀོད་རྒྱ་དང་འཁྲིལ་ཏེ་ ཨི་རཱག་ལུ་ཡོད་མི་ ཨི་རཱན་དང་ འབྲེལ་ཆགས་ཅན་གྱི་ དྲག་ཐོག་དབང་བཙོང་སྡེ་ཚན་ཚུ་གིས་ཡང་ མཁའ་དམག་རང་སྒུལ་འཕྲུལ་ཆས་ཌྲཱོན་ཚུ་ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་བའི་ལན་ལུ་ ཡུ་ཨེཛ་དང་ སའུ་དི་ཨ་ར་བི་ཡའི་ དམག་སྡེ་ཚུ་གིས་ཡང་ དྲག་ཐོག་དབང་བཙོང་སྡེ་ཚན་ཚུ་ལུ་ གནོད་འཚུབ་བཀལ་ཡོདཔ་སྦེ་བཀོད་ནུག།
གནད་དོན་དེ་གི་སྐོར་ལས་ ཨི་རཱན་གྱིས་ ག་ནི་ཡང་ མ་བཤད་རུང་ སྙན་ཞུ་དང་འཁྲིལཝ་ད་ དེ་སྦེ་ གནོད་འཚུབ་ཕན་ཚུན་བཀལ་མི་ལུ་བརྟེན་ཏེ་ ཡུ་ཨེཛ་དང་ ཨི་རཱན་གི་བར་ན་ དུས་ཡུན་ཐུང་ཀུ་ཅིག་གི་དོན་ལས་ ཕྱད་མདའ་མཚམས་འཇོག་འབད་མི་ལུ་ གནོད་པ་བྱུང་ཡོདཔ་ད་ དེ་ཡང་ འདུམ་འགྲིག་པ་ཚུ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ གསུང་གྲོས་སླར་ལོག་གནང་ཐབས་ལུ་ གྲ་སྒྲིག་འབད་དོ་ཡོདཔ་སྦེ་ཨིན་པས།
དེ་ཡང་ ཡུ་ཨེཛ་དང་ སའུ་དི་ཨ་ར་བི་ཡ་གིས་ ཨི་རག་གི་ ཤར་ཕྱོགས་ལུ་ཡོད་མི་ ཨི་རཱན་དང་ འབྲེལ་ཆགས་ཅན་གྱི་ དྲག་ཐོག་དབང་བཙོང་སྡེ་ཚན་ཚུ་གི་ གྲ་སྒྲིག་ལས་ཁང་དང་ གོ་མཚོན་གྱི་ ས་ཁོངས་ཚུ་ལུ་ གནོད་འཚུབ་བཀལ་ཡོདཔ་སྦེ་ ཡུ་ཨེཛ་དམག་སྡེ་གིས་ གསལ་བཤད་འབད་ནུག།
དེ་སྦེ་ གནོད་འཚུབ་བཀལ་མི་དེ་ ཨི་རཱན་གྱི་དམག་སྡེ་ ཨའི་ཨར་ཇི་སིའི་ བཀོད་རྒྱ་ལྟར་དུ་ དྲག་ཐོག་དབང་བཙོང་སྡེ་ཚན་ཚུ་གིས་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་ ནང་འཁོད་ལུ་ ཌྲཱོན་ ༣༠ ལྷགཔ་ཅིག་ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་བའི་ དགྲ་ལན་ལུ་ཨིནམ་སྦེ་ བཤདཔ་ཨིན་པས།
འདུམ་འགྲིག་པ་ཚུ་གིས་ གསུང་གྲོས་གཙོ་བོ་ ས་སྣུམ་སྐྱེལ་འདྲེན་འབད་མི་ གྲུ་གཟིངས་ཚུ་ འགྲུལ་བསྐྱོད་འབད་ས་ ཧོར་མུཛ་མཚོ་ལམ་ བཀག་དམ་འབད་ཡོད་མིའི་སྐོར་ལས་ གནང་ནི་སྦེ་ཨིན་རུང་ རྒྱལ་ཁབ་ ༢ ཀྱི་བར་ན་ ལོག་སྟེ་ར་ ཕན་ཚུན་གནོད་འཚུབ་ཚུ་ བཀལ་མི་ལུ་བརྟེན་ཏེ་ ས་སྣུམ་གྱི་ གོང་ཚད་ཚུ་ཡང་ ཡར་སེང་སོང་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།






Users Today : 3739
Users Yesterday : 4189
This Month : 108123
This Year : 545116
Total Users : 1256932
Views Today : 4956
Total views : 3322068
Who's Online : 12