
རོའི་ཊརཛ།
སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ གློ་བུ་ཞབས་ཏོག་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ནུབ་ཅིག་གི་རིང་ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ མི་ ༡༤ ལུ་ ཤི་རྐྱེན་དང་ ༢༧ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ མཛོད་ཁང་ཚུ་ཡང་ གཏོར་བཏང་ནུག་ཟེར་ཨིན་པས།
དེ་ཡང་ མི་སེར་ས་ཡ་ ༣ དེ་ཅིག་ཡོད་མི་ རྒྱལ་ས་ཀི་ཡིབ་ཀྱི་ ས་ཁོངས་ ༧ གྱི་ནང་ ནུབ་ཕྱེད་དེ་ཅིག་ཁ་ལས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ནི་ འགོ་བཙུགས་ཡོདཔ་སྦེ་ དམག་སྡེའི་བདག་སྐྱོང་གིས་ གསལ་བཤད་འབད་ནུག།
ད་རུང་ རྒྱལ་ས་ཀི་ཡིབ་ཀྱི་ ས་ཁོངས་ལེ་ཤ་ཅིག་གི་ནང་ཡང་ གནོད་འཚུབ་བཀལ་ཡོདཔ་ལས་ མི་ ༡ ལུ་ ཤི་རྐྱེན་དང་ ༢༤ ལུ་ རྨ་སྐྱོན་བྱུང་པའི་ཁར་ སྒྲིང་ཁྱིམ་ལེ་ཤ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་སྦེ་ དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས།
དེ་སྦེ་ གནོད་སྐྱོན་བྱུང་མི་ སྒྲིང་ཁྱིམ་ཚུ་གི་ རག་རོ་འོག་ལུ་ མི་སེར་ལེ་ཤ་ཅིག་ ཚུད་དེ་ཡོད་པའི་ དོག་པ་ལུ་བརྟེན་ཏེ་ སྲོག་སྐྱབས་དང་ འཚོལ་ཞིབ་ཀྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་དོ་ཡོདཔ་སྦེ་ ཁྲོམ་དཔོན་ཝི་ཊ་ལི་ ཀི་ལིཤ་ཀོ་གིས་བཤད་ནུག།
རྐྱེན་ངན་དེ་ནང་ རྨ་སྐྱོན་བྱུང་མི་ ༢༤ གི་གྲས་ལས་ ནདཔ་ ༤ གནས་སྟངས་འཚུབ་དྲགས་སྦེ་ཡོདཔ་ད་ དེ་སྦེ་ རྨ་སྐྱོན་བྱུང་མིའི་གྲས་ཁར་ ནད་པའི་སྣུམ་འཁོར་གྱི་ དེད་གཡོགཔ་ ༡ ཡང་ཡོདཔ་སྦེ་ བཤདཔ་ཨིན་པས།
ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ ཀི་ཡིབ་དང་ ཉེ་འདབས་ཀྱི་ ས་གནས་ཚུ་ནང་ ཡུ་ཀེ་རེན་གྱི་ དམག་ཆས་བཀྲམ་སྤེལ་ལྟེ་བ་སྦེ་ ལག་ལེན་འཐབ་དོ་ཡོད་པའི་ ཉེས་འཛུགས་ཐོག་ལུ་ གནོདཔ་བཀལ་ཡོདཔ་སྦེ་བཤད་ནུག།
དེ་བསྒང་ ར་ཤི་ཡའི་ དམག་མི་ཚུ་གིས་ ནུབ་གཅིག་ནང་ མི་ཛ་ཡེལ་ ༤༠༠ དང་ ཌྲཱོན་ ༡༡༥ དེ་ཅིག་ བཏང་ཡོད་མི་ཚུ་གི་གྲས་ལས་ ཡུ་ཀེ་རེན་གྱི་ མཁའ་དམག་གིས་ ཌྲཱོན་ ༩༨ དེ་ཅིག་ ཕབ་བཏང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 5316
Users Yesterday : 4704
This Month : 21260
This Year : 575054
Total Users : 1286870
Views Today : 6089
Total views : 3362383
Who's Online : 4