ཧོར་མུཛ་མཚོ་ལམ་ ལོག་སྒོ་ཕྱེ་ནིའི་ཐེད་ཁར་ ཡུ་ཨེཛ་གི་ ཁས་ལེན་ཚུ་ལུ་ རག་ལས་ནི།

ཨཱལ་ཇ་ཟི་ར།

ཨི་རཱན་གྱི་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧོར་མུཛ་མཚོ་ལམ་གྱི་སྐོར་ལས་ ཨོ་མཱན་དང་གཅིག་ཁར་ མཐའ་དཔྱད་གྲོས་བསྟུན་འབད་བའི་བསྒང་ཨིན་རུང་ ཐབས་བྱུས་ཅན་གྱི་ མཚོ་ལམ་དེ་ ལོག་སྒོ་ཕྱེ་ནི་ལུ་ ཡུ་ཨེཛ་ལས་ ཡངས་ཆག་འཐོབ་དགོ་ཟེར་ཨིན་པས།

སྤྱི་ཟླ་ ༨ པའི་ཚེས་ ༨ ལུ་ ཨི་རཱན་གྱི་ ཕྱི་འབྲེལ་བློན་པོ་ ཨ་བཛ་ཨ་ར་ཅི་གིས་ ཨོ་མཱན་དང་གཅིག་ཁར་ ཆིངས་ཡིག་བཟོ་ནི་གུ་ ལྷོད་ཡོད་རུང་ ཧོར་མུཛ་མཚོ་ལམ་ག་ར་ ལོག་ཕྱེ་ནིའི་ཐེད་ཁར་ སྤྱི་ཟླ་ ༦ པའི་ནང་བཟོ་མི་ གོ་དོན་ཆིངས་ཡིག་ལྟར་དུ་ ཡུ་ཨེཛ་གི་ ཁས་ལེན་ཚུ་ལུ་ རག་ལས་ནི་ཨིན་པའི་ གསལ་བཤད་འབད་ནུག།

ཡུ་ཨེཛ་གིས་ ཨི་རཱན་དང་ མཉམ་འབྲེལ་མེད་པར་ ལྷོ་ཕྱོགས་ཨོ་མ་ནིའི་ མཚོ་ལམ་གྱི་དོན་ལུ་ རྒྱབ་སྐྱོར་འབད་མི་དང་ ཨིཛ་རེལ་གྱིས་ ལེ་བཱ་ནཱོན་ལུ་ གནོད་འཚུབ་བཀལ་མི་ དེ་ལས་ ཕྱི་རྒྱལ་ལུ་ཡོད་མི་ ཨི་རཱན་གྱི་ ཏི་རུ་བཀག་དམ་འབད་མི་ཚུ་ ལོག་བྱིན་མ་བཏུབ་མི་ལུ་ཡང་ སྐྱོན་བརྗོད་འབད་ཡོདཔ་ཨིན་པས།

ཨི་རཱན་དམག་སྡེ་གིས་ ཧོར་མུཛ་མཚོ་ལམ་ ལོག་སྒོ་ཕྱེ་ནི་དེ་ རང་སོའི་ཐབས་ལམ་ཅིག་ཨིནམ་ལས་ ཨི་རཱན་དང་ ཨོ་མཱན་གྱི་བར་ན་ གྲོས་བསྟུན་འབད་མི་དང་ འབྲེལ་བ་ག་ནི་ཡང་མེདཔ་སྦེ་ རྒྱལ་ཁམས་ཀྱི་ བརྡ་བརྒྱུདཔ་ཚུ་ལུ་བཤད་ནུག།

ཨི་རཱན་གྱི་ སྤྱི་ཚོགས་འོག་ལུ་ཡོད་མི་ རྒྱལ་ཡོངས་སྲུང་སྐྱོབ་ལྷན་ཚོགས་ཀྱིས་ཡང་ ཨོ་མཱན་དང་གཅིག་ཁར་ མཚོ་ལམ་གྱི་སྐོར་ལས་ གྲོས་བསྟུན་འབད་ནི་གི་ གཞི་བཀོད་དེ་ ཆ་འཇོག་གྲུབ་སྟེ་ཡོདཔ་ལས་ མགྱོགས་པ་ར་ གྲོས་བསྟུན་འབད་ནི་གི་ རེ་བ་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།

དེ་མ་ཚད་ ཨི་རཱན་དམག་སྡེ་གིས་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱི་ བདག་སྐྱོང་ཁ་ཐུག་ལས་ ཨོ་མཱན་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ལུ་ བར་འཛུལ་འབད་ནི་མེད་པའི་ ཉེན་བརྡ་ཡང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: