
སྤྱི་ཟླ་ ༨ པའི་ཚེས་ ༧ དང་ ༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ལས་འགུལ་སྣ་ཚོགས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ཚུ་ལུ་ བསྐྱར་ཞིབ་ཀྱི་དོན་ལས་ ཆིབས་བསྐྱོད་གནང་ནུག།
དེ་བསྒང་ མི་དབང་མཆོག་གི་ ཕྱག་ཞུ་སྟེ་ མི་རྗེ་བློན་ཆེན་དང་ རྒྱལ་གཞུང་འབྲུག་གི་དམག་སྡེའི་གཙོ་འཛིན་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ རྒྱ་གར་དམག་སྦྱོང་སྡེ་ཚན་ ཨིམ་ཊྲཊ་གི་འགོ་འཛིན་ དཱན་ཏག་ལས་འགུལ་གྱི་ བཟོ་རིག་གཙོ་འཛིན་ དེ་ལས་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ རྒྱ་གར་དམག་སྦྱོང་སྡེ་ཚན་ དཱན་ཏག་ལས་འགུལ་བཅས་ཀྱི་ འགོ་དཔོན་ཚུ་ཡང་ བྱོན་ཡོདཔ་ཨིན་པས།
སྤྱི་ཟླ་ ༨ པའི་ཚེས་ ༧ ལུ་ མི་དབང་མངའ་ཞབས་མཆོག་གིས་ ཆོས་སྒོ་ཟེར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཟོ་བཀོད་ལུ་ ཁུངས་གཏུགས་སྒྲིང་ཁྱིམ་ ཉམས་གསོ་མཇུག་བསྡུ་མི་ ལས་འགུལ་དང་པ་དེ་ཁར་ གཟིགས་ཞིབ་གནང་ཡོདཔ་ད་ སྒྲིང་ཁྱིམ་དེ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ ས་གནས་ དེ་ལས་ རྒྱལ་སྤྱིའི་མཉམ་རོགས་ཚུ་གི་ ལག་ལེན་ཡིག་ཚང་གི་ གཞི་རྟེན་སྦེ་ ཞབས་ཏོག་སྒྲུབ་དོ་ཡོདཔ་སྦེ་བཀོད་ནུག།
དེ་གི་ཤུལ་ལས་ མི་དབང་མཆོག་ བར་གཤོང་ལུ་ཡོད་པའི་ རྒྱལ་འཛིན་འབྲུག་གི་ཚོགས་ཕྲན་ཁང་དང་ རྒྱལ་སྲུང་གིས་ རྟ་རས་ཐང་ལུ་ བཟོ་བསྐྲུན་འབད་ཡོད་པའི་ རྒྱལ་སྤྱིའི་གནས་ཚད་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ནང་ གཟིགས་ཞིབ་གནང་ཡོདཔ་ད་ ཚོགས་ཕྲན་ཁང་དང་ གཞི་རྟེན་མཁོ་ཆས་དེ་ཚུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འགོ་ཐོག་བདོག་གཏད་ཀྱི་ ཆ་ཤས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
དེ་མ་ཚད་ མི་དབང་མངའ་ཞབས་མཆོག་གིས་ དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་གྲུ་ཐང་གི་ ས་ཁོངས་དང་ དུས་ཅི་ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ བཞེངས་གནང་ནི་ཨིན་མི་ བྱང་ཆུབ་མཆོད་རྟེན་ ༡༠༨ ཀྱི་ ས་ཁོངས་ནང་ཡང་ གཟིགས་ཞིབ་གནང་ནུག།
དེ་ལས་ སྤྱི་ཟླ་ ༨ པའི་ཚེས་ ༨ ལུ་ མི་དབང་མཆོག་གིས་ གསར་སྤང་རྫོང་ནང་ མཆོད་རྟེན་ ༡༠༨ ཀྱི་ གཟུངས་ཞུགས་ཚུ་ གྲ་སྒྲིག་འབད་ས་དང་ འཇིགས་མེད་གླིང་ རྒྱལ་འཛིན་གོ་ལོཕ་གི་ ས་ཁོངས་ཚུ་ནང་ཡང་ གཟིགས་ཞིབ་གནང་ཡོད་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1306483
Views Today :
Total views : 5000
Who's Online :