རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་ཁང་གི་ འགོ་འདྲེན་ཐོག་ལས་ མཆོད་རྟེན་ ༡༠༨ ཀྱི་དོན་ལུ་ མི་མང་ལས་ མ་དངུལ་བསྡུ་བླང་།

འབྲུག་རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་ཁང་གིས་ དགེ་ལེགས་ཕུག་ལུ་ མའོ་ཆུ་གཙང་ཆུ་བདའ་སྟེ་ བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་ནི་ཨིན་མིའི་དོན་ལུ་ མ་དངུལ་བསྡུ་ལེན་ བརྩོན་ཤུགས་ཀྱི་ཆ་ཤས་སྦེ་ མི་མང་ལས་ མ་དངུལ་བསྡུ་བླང་གི་ གསལ་བསྒྲགས་ཐོག་ལུ་ རྒྱལ་ཁབ་ནང་འཁོད་ལས་ དངུལ་ཀྲམ་ས་ཡ་ ༢༨.༣༤ དེ་ཅིག་ བསྡུ་བླངས་འབད་ནུག།

དེ་ཡང་ མཆོད་རྟེན་ ༡༠༨ ཀྱི་ ལས་འགུལ་སྡེ་ཚན་གྱིས་ མི་མང་ལས་ མ་དངུལ་བསྡུ་བླངས་དེ་ སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ ཕྱི་རུའི་ཆུ་ཚོད་ ༥ ལས་ མཚམས་འཇོག་འབད་ནི་གི་ གསལ་བསྒྲགས་འབད་བའི་ཤུལ་ལས་ ཉིན་གྲངས་དག་པ་ཅིག་ནང་ར་ མ་དངུལ་ཞལ་འདེབས་ཕུལ་མི་ ལེ་ཤ་གིས་ ཡར་སེང་སོང་ཡོདཔ་ཨིན་པས།

སྤྱི་ཟླ་ ༨ པའི་ཚེས་ ༡༧ ཚུན་འབད་བ་ཅིན་ བསྡུ་བླང་གི་ གསལ་བསྒྲགས་ཐོག་ལས་ དངུལ་ཀྲམ་ས་ཡ་ ༡༧.༡ དེ་ཅིག་ལས་ མ་ཐོབ་རུང་ ཉིན་གྲངས་ ༤ གི་ ནང་འཁོད་ལུ་ དངུལ་ཀྲམ་ས་ཡ་ ༡༡.༢ དེ་ཅིག་ཐོབ་ནུག།

དེ་བཟུམ་སྦེ་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡོད་མི་ འབྲུག་མི་ཚུ་ལས་ ཡུ་ཨེཛ་ཌོ་ལར་ ༧༠,༠༠༠ དེ་ཅིག་ལས་ ཡུ་ཨེཛ་ཌོ་ལར་ ༨༥,༧༩༩ གུ་ ཡར་སེངསོང་ཡོདཔ་ཨིན་པས།

ད་རེས་ ནང་འཁོད་ཀྱི་ བསྡུ་བླང་དེ་ མཚམས་འཇོག་འབད་ཡོད་རུང་ ཕྱིའི་རྒྱལ་ཁབ་ནང་ཡོད་མི་ འབྲུག་མི་དང་ རྒྱལ་སྤྱིའི་ཞལ་འདེབས་ཚུ་ འཕྲོ་མཐུད་དེ་ར་ བསྡུ་བླང་འབད་ནི་ཨིན་པས།

འབྲུག་རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་ཁང་གིས་ འབྲུག་ནང་འཁོད་ལས་ མི་གྲངས་ ༧,༢༦༢ དང་ ཕྱིའི་རྒྱལ་ཁབ་ཚུ་ལས་ མི་གྲངས་ ༥༦༡ གིས་ ཞལ་འདེབས་ཚུ་ ཕུལ་ཡོདཔ་ད་ བསྡུ་བླང་ཐོག་ལས་ཐོབ་མི་ མ་དངུལ་དེ་ རྩིས་ཁ་མགོ་སྙོམས་ མཇུག་བསྡུ་བའི་ཤུལ་ལུ་ མཆོད་རྟེན་ ༡༠༨ ཀྱི་ ལས་འགུལ་སྡེ་ཚན་ལུ་ རྩིས་སྤྲོད་འབད་ནི་ཨིན་པའི་གནས་ཚུལ།

Please follow and like us: