
པདྨ་དབང་འདུས།
སྤྱི་ཟླ་ ༨ པའི་ཚེས་ ༣༠ ལུ་ ཏའི་སི་ཏུ་སྐུ་ཕྲེང་ ༡༢ པ་ པདྨ་དོན་ཡོད་སྙིང་རྗེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་ནི་ཨིན་མིའི་དོན་ལས་ གསར་སྤང་ལུ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ག་ནི་བ་ བྱིན་རླབས་ཆེ་བའི་ རིང་བསྲེལ་ཚུ་ ཕུལ་ཡོདཔ་ད་ དེ་ཡང་ སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་དང་ སངས་རྒྱས་འོད་སྲུང་དང་འབྲེལ་བའི་ མི་ལོ་ ༩༠༠ འཁོར་བའི་ རིང་བསྲེལ་ཚུ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ དེ་ལས་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་དང་ ཏའི་སི་ཏུ་རིན་པོ་ཆེ་ཚུ་གིས་ གསར་སྤང་རྫོང་ནང་ ཐུགས་སྨོན་ཚུ་ཡང་གནང་ནུག།
བྱང་ཆུབ་མཆོད་རྟེན་ ༡༠༨ འབད་མི་དེ་ རིང་ཚད་མི་ཊར་ ༡༥ རེ་དང་ བར་འགྱངས་མི་ཊར་ ༡༠༨ རེ་ བཞག་ཐོག་ལས་ བཞེངས་ནི་ཨིནམ་ད་ དེ་ཡང་ ཁས་བླངས་པ་སྟོང་ཕྲག་ལས་བཅད་མི་ཚུ་གིས་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ ཉིནམ་ ༡ གི་ནང་ སྒྲུབ་ཚུགསཔ་འབད་ནི་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ གསར་བཏོད་ཅན་གྱི་དགོངས་བཞེད་ བྱང་ཆུབ་མཆོད་རྟེན་ལས་འགུལ་དེ་གི་ ལཱ་སྦོམ་ག་དེ་སྦེ་ར་ཨིན་རུང་ གཅིག་སྒྲིལ་གྱི་ སྟོབས་ཤུགས་ཐོག་ལས་ འགྲུབ་མ་ཚུགསཔ་ ག་ནི་ཡང་མེད་ཟེར་བའི་ བརྡ་མཚོན་སྟོན་དོ་ཡོདཔ་ད་ དེ་བཟུམ་མའི་ ལས་འགུལ་སྦོམ་ འགོ་འདྲེན་འཐབ་མི་ སྡེ་ཚན་ཚུ་ལུ་ཡང་ གལ་ཆེ་བའི་ ཉམས་མྱོང་ཚུ་ ཐོབ་དོ་ཡོདཔ་སྦེ་བཀོད་ནུག།





Users Today :
Users Yesterday :
This Month :
This Year :
Total Users : 1407581
Views Today :
Total views : 5000
Who's Online :