
སྤྱི་ལོ་ ༦༤༡ ལུ་ བོད་ཀྱི་རྒྱལཔོ་ སྲོང་བཙན་སྒམ་པོ་གིས་ སྤྲུལ་པའི་སྒོ་ལས་ ཉིནམ་གཅིག་ལུ་ ལྷ་ཁང་ ༡༠༨ བཞེངས་གནང་པའི་སྐབས་ལུ་ ཡུལ་ལྗོངས་འདི་ཁར་ཡང་ བུམ་ཐང་ལུ་ བྱམས་པ་ལྷ་ཁང་དང་ སྤ་རོ་ལུ་ སྐྱེར་ཆུ་ལྷ་ཁང་ཚུ་ བཞེངས་གནངམ་ལས་ དཀོན་མཆོག་ ༣ གྱི་སྣང་བ་ འགོ་དང་པ་བྱུང་ནུག།
དེ་ལས་ ཨོ་རྒྱན་རིན་པོ་ཆེ་གིས་ ཡུལ་ལྗོངས་འདི་གི་ གདུལ་བྱ་ཚུ་ འདུལ་བའི་དུས་ལུ་བབས་ཏེ་ བུམ་ཐང་ལྕགས་མཁར་རྒྱལཔོ་ སིན་དྷ་རཱ་ཛ་གིས་ གདན་འདྲེན་ཞུཝ་བཞིན་དུ་ སྤྱི་ལོ་ ༧༤༦ གི་ལོར་ བལ་ཡུལ་ཡང་ལེ་ཤོད་ལས་ བུམ་ཐང་ལུ་ བྱོན་པའི་ལམ་ཁར་ འདྲེ་སྲིན་གདུག་པ་ཅན་ཚུ་ བཏུལ་གནང་ཡོདཔ་མ་ཚད་ བུམ་ཐང་ལུ་ ཤེལ་གིང་དཀར་པོ་གིས་གཙོས་པའི་ ལྷ་སྲིན་སྡེ་བརྒྱད་ཚུ་ བཏུལ་གནང་སྟེ་ དམ་པའི་ཆོས་ཀྱི་བསྟན་པ་ བཙུགས་གནང་པའི་ཁར་ ཡུལ་ལྗོངས་འདི་ རང་དབང་རང་བཙན་གྱི་ཐོག་ལུ་ ནང་པ་སངས་རྒྱས་པའི་ ཆོས་ལྡན་གྱི་ རྒྱལ་ཁབ་ཅིག་ལུ་ འགྱུར་ནི་གི་ མ་འོངས་ལུང་བསྟན་ཚུ་ཡང་གནང་ནུག།
དེ་བཟུམ་མའི་ ལུང་བསྟན་དང་འཁྲིལ་ཏེ་ རིམ་པ་བཞིན་དུ་སྦེ་ ཕ་ཇོ་འབྲུག་སྒོམ་ཞིག་པོ་དང་། ངག་དབང་ཆོས་རྒྱལ། ཆོས་རྗེ་འབྲུག་པ་ཀུན་ལེགས་། ཀཿཐོག་པ། གནས་རྙིང་པ། འབའ་ར་བ། ཀུན་མཁྱེན་ཀློང་ཆེན། རྒྱལ་དབང་རྗེ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ་སོགས་པའི་ སངས་རྒྱས་དང་ བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ མང་རབས་ཅིག་གིས་ ཞབས་ཀྱིས་བཅགས་ཏེ་ བྱིན་གྱིས་བརླབས་གནང་ནུག།





Users Today : 865
Users Yesterday : 3533
This Month : 83953
This Year : 520946
Total Users : 1232762
Views Today : 1194
Total views : 3288423
Who's Online : 11