དཔལ་ལྡན་འབྲུག་པའི་རྒྱབ་ཁུངས།

དེ་ཡང་ ཨོ་རྒྱན་རིན་པོ་ཆེ་གིས་ ནཱ་རོ་པཎ་ཆེན་སྒྱུ་མའི་སྐུར་སྤྲུལ་པ། །གཙང་པ་རྒྱ་རས་འབྲུག་དང་ར་ལུང་འབྱོན། །ཟེར་མཚན་དང་བཅས་པའི་ ལུང་བསྟན་ལྟར་དུ་ ཆོས་རྗེ་འགྲོ་བའི་མགོན་པོ་ གཙང་པ་རྒྱ་རས་མཆོག་ རབ་བྱུང་ ༡༣ པའི་ གནམ་ལོ་ལྕགས་མོ་སྦྲུལ་ལོ་ སྤྱི་ལོ་ ༡༡༦༡ གི་ལོར་ སྐུ་འཁྲུངས་ནུག།

དེ་ལས་ རིམ་པ་བཞིན་དུ་ མདོ་སྔགས་རིག་གཞུང་ཚུ་ལུ་ མཁས་ཤིང་གྲུབ་པ་བརྙེས་པའི་ཤུལ་ལུ་ གདན་ས་ཅིག་ བཏབ་གནང་ནི་གི་ ཐུགས་བཞེད་གནང་སྟེ་ ས་གཞི་གཟིགས་པར་བྱོནམ་ད་ སྐུ་ངལ་ཆེ་བའི་ཁར་ ཞལ་སྐོམ་སྟེ་ གསོལ་ཇ་ཅིག་ བསྐོལ་བཞེས་དགོ་ནི་མས་ཟེར་ ཐུགས་བཞེད་གནང་མ་ཐག་ཏུ་ ས་གནས་དེ་ཁར་ རྫིབ་རྡོ་ ༣ དང་ ཐབ་ཤིང་ཆགཔ་ ༡ ཨོམ་ཆུ་དང་བཅས་པ་  རང་བཞིན་ལྷུན་གྱིས་གྲུབ་སྟེ་ བྱུང་ཡོདཔ་ཨིན་པས།

དེ་སྦེ་ བྱུང་མི་དེ་ རྟེན་འབྲེལ་ལེགས་ཤོམ་ཅིག་ཨིན་པའི་ ཐུགས་བཞེད་གནང་སྟེ་ གསོལ་ཇ་བསྐོལ་བཞུགསཔ་ད་ གསོལ་ཇ་འཁོལ་ནི་དང་འབྲེལ་ གནམ་ག་ནི་བ་དྭངས་པའི་ དགུང་དབྱིངས་ལས་ འབྲུག་སྐད་ལན་ཐེངས་ ༣ ལྡིར་བ་ལུ་བརྟེན་ཏེ་ ཆོས་རྗེ་འགྲོ་བའི་མགོན་པོ་གིས་ འབྲུག་སྐད་ཀྱིས་ ག་ཏེ་ཁྱབ་སར་ ངེད་ཀྱི་ཆོས་ཀྱི་བསྟན་པ་འདི་ དར་ཁྱབ་འབྱུང་བཅུག་ཟེར་བའི་ ཐུགས་སྨོན་གནང་ནུག།

དེ་བཟུམ་མའི་ རྟེན་འབྲེལ་ཕུན་སུམ་ཚོགས་པའི་ ས་གནས་དེ་ཁར་ གདན་ས་བཏབ་གནངམ་བཞིན་དུ་ གདན་སའི་མིང་ཡང་ འབྲུག་ར་ལུང་ཟེར་ བཏགས་གནང་སྟེ་ འབྲུག་པ་དཀར་བརྒྱུད་པའི་ ཆོས་ལུགས་འདི་ དར་ཁྱབ་སྦོམ་བྱུངམ་ལས་ མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཟེར་བའི་ གཏམ་གྱི་སྙན་གྲགས་ཚུ་ཡང་ རླུང་ལྟར་དུ་གྲགས་ནུག།

Please follow and like us: