བློ་ཟེ་ལྷའི་པི་ཝང་།

སྒརཔ་ཁྱོད་དང་ཧུམ་པ་སྦབ་ཅུང་འདྲ། །ཟམོ་ང་དང་གྱི་ཅུང་དཔྱལ་ཐལ་འདྲ། །ང་གྱི་ཅུང་དཔྱལ་ཐལ་འོངམ་ལས། །ཁྱོད་ཧུམ་པ་སྦབ་ཅུང་སྡོད་རྒྱུ་མེད། །སྡོད་རྒྱུ་མེད་རུང་ཨ་ཙི་སྡོད། །ང་གྱི་ཅུང་དཔྱལ་ཐལ་འོངམ་ལས། །ཁྱོད་བཞོགས་ཅི་བཞོགས་ཅི་བཀོ་ད། །

ཨམ་སྲིན་མོ་རྒྱལ་མོའི་སྒོ་ཁར། །གླང་ལས་དབང་ཅན་གྱི་དཔལ་རྟགས་ཡོད། །ཨ་ཕོག་རེ་རེ་གཏངམ་ད། །ལུད་ཕུང་དགུ་དགུ་བསགསཔ་ཨིན། །རྭ་ཕོག་རེ་རེ་རྐྱབ་ད། །བར་ཚིག་དགུ་དགུ་བརྡལཝ་ཨིན། །གོམ་ཐེངས་རེ་རེ་སྤོཝ་ད། །རྡོ་གཅལ་བཞི་བཀག་རྐྱབ་ཨིན། ། ཧིག་ཐེངས་རེ་རེ་རྐྱབ་ད།   །ཐགཔ་པགས་ཐག་དགུ་དགུ་བཏོགཔ་ཨིན། །

རི་ཕ་ཁའི་རི་དང་ཚུར་གྱི་རི། །ཕར་ཁའི་རི་འདི་སྒ་མ་རི། །ཚུར་ཁའི་རི་འདི་སྤག་ཤིང་རི། །རི་དེ་ཚུ་གསུང་གྲོས་མེད་མི་འདི། །ཆུམོ་གཙང་ཆབ་ཆུ་མོས་ལེན་མས། །ཡངན་ཆུ་འགོ་རྐ་ལས་བརྡལ་དགོ་པས། །ཡངན་ཆུ་མོར་ཟམ་ལྕགས་བསྣར་དགོ་པས། །ཆུ་འགོ་རྐ་ལས་བརྡལ་བ། །ཆུ་མོར་ཟམ་ལྕགས་བསྣར་གདའཔ་དྲག །

ང་བྱི་ལི་གཙང་གཏང་སྡོདཔ་ད། །ཁྱོད་བྱི་ཙི་ཀྲ་ཀ་ཀྲེ་ཀེ །ང་བྱི་ལི་དུམ་ལངསམ་ད། །ཁྱོད་བྱི་ཙི་དོང་ན་ཨེབ་འོང་། །

ཆུ་ཟངས་གཡུ་ཟངས་ཁྲོ་ཟངས། །རྟ་ཆག་ནོར་ཆག་བཙོ་ས། །ང་རྫམ་ཅུང་ཁ་རལ་ལྷ་ཆག །ཨཔ་སྡེ་པའི་གསོལ་སྒྱེ་སྒྱེ་ས་ཨིན། །

ཁྱོད་འཛེད་སྐོར་དཀར་རུང་འོག་ལས། །ང་རྫམ་ཅུང་གནག་རུང་ཁ་ལས། །

སྒོག་པའི་ཨོ་རྩ་སྒོགཔ། །དགུན་སུ་དགུན་ཟླ་གསུམ། །ཧང་ཀུ་གི་བར་འགྲིམས། །བྱཱར་སུ་བྱཱར་ཟླ་གསུམ། །ཚོད་ཞིང་གི་བར་འགྲིམས། །སྒོག་ པའི་རྒྱ་རོ་ཞོལ་ཞོལ། །སྒོག་བུ་ང་རང་ལང་ས། །ཁྱེད་གཡུས་ཀྱི་ར་པོད་གླེ་གླེ། །སྒོགཔ་ང་དང་འགྲན་མཁན་མིན་འདུག །

སྒོག་པའི་ཅོ་ཏོ་ཀེ་ཀེ། །སྒོག་བུ་ང་རང་ལང་ས། །ཤར་རི་སྤང་ཁའི་སྒོམ་ཆེན། །སྒོགཔ་ང་དང་འགྲན་མཁན་མིན་འདུག །

སྒོག་པའི་འཛོམས་འཛོམས་རུ་རུ། །སྒོག་བུ་ང་རང་ལང་ས། །ཁྱེད་གཡུས་ཀྱི་སྤྱི་དཔོན་ལེགས་བཤད། །སྒོགཔ་ང་དང་འགྲན་མཁན་མིན་འདུག །

སྒོག་པས་ཁ་ཚ་མིག་ཚ། །སྒོག་བུ་ང་རང་ལང་ས། །ཁྱེད་གཡུས་ཀྱི་མ་ར་མོ་རེསམོ། །སྒོགཔ་ང་དང་འགྲན་མཁན་མིན་འདུག །