རྒྱལ་ཡོངས་གྱོན་ཆས་དང་ སྐད་ཡིག་ལུ་ བརྩོན་དགོཔ་གལ་ཅན།

ང་བཅས་རའི་ རྒྱལ་ཁབ་ཀྱི་ ངོ་རྟགས་བཟང་པོ་ རྒྱལ་ཡོངས་གྱོན་ཆས་ བགོ་དང་ དཀྱི་ར་དང་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་འདི་ཨིན་རུང་ ད་རེས་ནངས་པར་ འབྲུག་མི་ལེ་ཤ་ཅིག་གིས་ར་ རྒྱལ་ཡོངས་གྱོན་ཆས་དང་ རྒྱལ་ཡོངས་སྐད་ཡིག་འདི་ལུ་ དང་འདོད་མི་སྐྱེདཔ་ཨིན་པས།

མ་གཞི་ ང་བཅས་རའི་ རྒྱལ་ཁབ་འདི་ རྒྱལ་ཁབ་སྟོབས་ཅན་ རྒྱ་དཀར་ནག་ ༢ ཀྱི་བར་ན་ ས་རྒྱ་ཆུང་པའི་གུ་ མི་རློབས་ཡང་ གནམ་ཉིན་མའི་ སྐར་མ་བཟུམ་སྦེ་ ཉུང་དྲགས་ཅིག་ལས་མེད་རུང་ འཛམ་གླིང་ནང་ ཡོངས་གྲགས་ཐོན་ཏེ་ཡོད་མི་འདི་ སྔར་སྲོལ་ལམ་ལུགས་བཟང་པོ་ཚུ་ལུ་བརྟེན་ཏེ་ཨིནམ་ལས་ དེ་བཟུམ་མའི་ ལམ་ལུགས་ཚུ་ བདག་འཛིན་འཐབ་ནི་འདི་ འབྲུག་མི་ཡོངས་ཀྱི་ འགན་ཁུར་མིན་ན་ཟེར་ མནོཝ་ཨིན་པས།

དེ་སྦེ་ འབྲུག་མི་ཚུ་གི་ འགན་ཁུར་ཨིན་པ་ཅིན་ གཞུང་གི་འགོ་དཔོན་ཚུ་ལས་ འགོ་བཙུགས་ཏེ་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་དང་ སྔར་སྲོལ་ལམ་ལུགས་བཟང་པོ་ཚུ་ལུ་ དང་འདོད་མ་སྐྱེད་པར་ ཕྱི་ཁའི་ལམ་སྲོལ་དང་ སྐད་ཡིག་ཚུ་ལུ་ ག་ཅི་སྦེ་ ཤུགས་སྟོནམ་ཨིན་ན་ཟེར་ ཞུ་ནི་ཨིན།

དེ་ཡང་ དཔྱེ་འབད་བ་ཅིན་ ང་བཅས་རའི་ ཁྲིམས་བཟོའི་གཙུག་སྡེ་མཐོ་ཤོས་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ སྤྱི་ཚོགས་ནང་ རྫོང་ཁ་ཉག་རྐྱང་ཐོག་ལུ་ གསུང་གྲོས་མ་གནང་པར་ ཨིང་སྐད་བླ་བསྲེ་རྐྱབ་སྟེ་ གསུང་གྲོས་གནང་མི་འདི་ ག་ཅི་ལུ་བརྟེན་ཏེ་ཨིན་ན་?

ད་རེས་ནངས་པར་ རྫོང་ཁའི་ནང་ མིང་ཚིག་གིས་ འགབ་མི་ཚུགས་པར་ཨིན་ཟེར་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་སྲས་ཚུ་གིས་ ཨིང་ལིཤ་གི་མིང་ཚིག་ ཟུར་ཙམ་ཡང་མེད་པར་ རྫོང་ཁ་ཉག་རྐྱང་ཐོག་ལུ་ གསུངས་གནང་མི་འདི་ ག་ཅི་ཨིན་ན?

འཇིག་རྟེན་པའི་ དཔྱེ་གཏམ་ལུ་ཡང་ རོགས་ཁ་མ་ཤེས་ རང་ཁ་བྱང་ཟེར་ སླབ་དོ་བཟུམ་སྦེ་ རོགས་ཀྱི་སྐད་ཡིག་དེ་ ལེགས་ཤོམ་སྦེ་ མ་ཤེས་མི་དེནི་ ད་རེས་ནངས་པར་ མིག་གིས་མཐོང་སར་དང་ ལག་པ་གིས་ ཟུན་སར་ཡོདཔ་ཨིནམ་ མི་མང་ག་ར་གིས་ ཤེས་གསལ་ལྟར་དུ་ཨིནམ་ལས་ ལོགས་སུ་སྦེ་ སླབ་དགོཔ་ཅིག་མ་མཐོང་།

གནད་དོན་དེ་ལུ་བརྟེན་ཏེ་ ད་རེས་ནངས་པར་ ཧེ་མའི་མཁས་དབང་ཚུ་དང་ རྒན་ཤོས་ཚུ་ མ་ཡལཝ་ཅིག་ཁར་ རྫོང་ཁའི་མིང་ཚིག་ཚུ་ བདག་འཛིན་འཐབ་སྟེ་ ལྷབ་དགོཔ་དེ་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་ གཞུང་གི་དཔོན་ཁག་ཚུ་ལུ་ མ་ཕོགཔ་ཨིན་ན་ཟེར་ ཞུ་ནི་དང་འབྲེལ་ ང་གིས་ རྒྱལ་ཁབ་ཀྱི་ སྔར་སྲོལ་བཟང་པོ་དང་ སྐད་ཡིག་ཚུ་ལུ་ ཆགས་ཞེན་ཐོག་ལས་ ཞུ་མི་འདི་ལུ་ འཛོལ་བ་རེ་ཡོད་པ་ཅིན་ བཟོད་གསོལ་བཞེས་ཏེ་ བཀའ་དྲིན་བསྐྱང་གནང་ཟེར་ ཞུ་ནི་ཨིན།

སངས་རྒྱས་ལྷུན་གྲུབ།

ཐིམ་ཕུ་ཀ་ཝང་གྱང་ས།

Please follow and like us: