
བདེ་སྐྱིད་ཆོས་སྒྲོན།
མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་དང་ ཤེས་རིག་བློན་པོ་ ཇེ་བི་རའི་གིས་ དུས་ཅི་ གཞུང་གི་སློབ་གྲྭ་ཚུ་ནང་ ས་སྟོང་ལངམ་སྦེ་ཡོདཔ་ལས་ སློབ་ཕྲུག་ཚུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ གཏང་མི་ཚུགས་ནི་ཨིན་པའི་ གསལ་བཤད་གནང་ཡི།
དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༦ ལུ་ ཡོངས་འབྲེལ་ཐོག་ལས་ བརྡ་བརྒྱུདཔ་ཚུ་དང་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ གསུངས་ཡོདཔ་ད་ ཨ་ལོའི་ཕམ་ཚུ་གིས་ བློ་གསར་སློབ་རིམ་ལས་ སློབ་རིམ་ ༦ པ་ཚུན་ སྒེར་གྱི་སློབ་གྲྭ་ཚུ་ནང་ བཙུགས་ནི་ལུ་ གདམ་ཁ་རྐྱབ་དོ་བཟུམ་སྦེ་ སློབ་རིམ་ ༡༠ པ་ མཇུག་བསྡུ་བའི་ཤུལ་ལས་ཡང་ སྒེར་གྱི་སློབ་གྲྭ་ཚུ་ནང་ བཙུགས་ནི་གི་ གདམ་ཁ་རྐྱབ་པ་ཅིན་ གནས་སྟངས་དེ་ སྙོམས་ཏོང་ཏོ་ འགྱོ་ནི་མས་ཟེར་ཨིན་པས།
ཤེས་རིག་བློན་པོ་གིས་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་མེད་པའི་ ཚ་གྱང་ལང་མི་ཚུ་ ལྷན་ཁག་དང་ འབྲེལ་བ་འཐབ་མ་གནང་ཟེར་ཨིནམ་ད་ དེ་ཡང་ ལྷན་ཁག་གིས་ ཧེ་མར་ སྒེར་གྱི་སློབ་གྲྭ་ཚུ་གི་དོན་ལས་ སློབ་གྲྭའི་འཐུས་ཀྱི་ ཚད་གཞི་བཟོ་ཡོད་མི་དེ་ ཆ་མེད་བཏང་ཡི་ཟེར་ཨིན་པས།
ད་རེས་ གཞུང་གིས་ དེ་སྦེ་ གྲོས་ཐག་བཅད་མི་དེ་ ཧང་སྟོང་མར་མིན་ཟེར་ཨིནམ་ད་ གཞུང་གིས་ གྲོགས་རམ་འབད་དགོ་པའི་ ས་གོ་ཚུ་ནང་ གྲོགས་རམ་འབད་འོང་ཟེར་ ཤེས་རིག་བློན་པོ་གིས་ གསུངསམ་ཨིན་པས།
དུས་ཅི་ གཞུང་གི་སློབ་གྲྭ་ཚུ་ནང་ ས་སྟོང་ ༡,༥༠༠ ལྷགཔ་ཅིག་ཡོདཔ་ལས་ སྒེར་སྡེ་ལུ་ བྱིན་ཐབས་མེད་རུང་ མ་འོངས་པར་ གཞུང་གི་སློབ་གྲྭ་ཚུ་ནང་ མ་ཤོང་པ་ཅིན་ སྒེར་སྡེའི་ནང་ གཏང་འོང་ཟེར་ཨིན་པས།
སྒེར་གྱི་སློབ་གྲྭ་ཚུ་ནང་ ལོ་དག་པ་ཅིག་གི་རྒྱབ་ལས་ སློབ་ཕྲུག་བཙུགས་མི་ མི་འཐོན་ནི་ཨིན་པའི་ ཚ་གྱང་ལང་དོ་ཡོདཔ་ད་ དེ་ཡང་ འདས་པའི་ལོ་ ༥ གི་ ཧེ་མར་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་བསྡོམས་ ༡༡,༠༠༠ དེ་ཅིག་ཡོད་ས་ལས་ སྤྱི་ལོ་ ༢༠༢༡ ལུ་ སློབ་ཕྲུག་ ༤,༥༠༠ ལུ་ མར་བབས་འགྱོ་ནི་དེ་གིས་ཨིན་པས།
སྤྱི་ལོ་ ༢༠༢༢ ལུ་ སློབ་རིམ་ ༡༢ པ་ མཐར་མ་འཁྱོལ་མི་ སློབ་ཕྲུག་ ༢,༥༠༠ དེ་ཅིག་ལས་ མེད་པའི་ཁར་ སྤྱི་ལོ་ ༢༠༢༣ ལུ་ ཕུད་རྡོག་གཅིག་ཡང་ མི་འོང་ནི་མས་ཟེར་ཨིནམ་ད་ དེ་སྦེ་ མར་བབས་འགྱོ་མི་དེ་ གཞུང་གིས་ སློབ་རིམ་ ༡༠ པའི་ མཐར་འཁྱོལ་སྐུགས་ཚད་ མར་ཕབ་འབད་མི་ལུ་བརྟེན་ཏེ་ཨིན་པས།
སྤྱི་ལོ་ ༢༠༡༩ ལུ་ སློབ་རིམ་ ༡༠ པ་ མཇུག་བསྡུ་མི་ཚུ་གི་ སྐུགས་ཚད་བཏང་ཡོདཔ་ལས་ སློབ་ཕྲུག་ཚུ་ག་ར་ གཞུང་གི་སློབ་གྲྭ་ཚུ་ནང་ བཙུགས་མ་ཚུགས་པར་ སྤྱི་ལོ་ ༢༠༢༡ ལུ་ སློབ་རིམ་ ༡༠ པ་ མཐར་འཁྱོལ་མི་ སློབ་ཕྲུག་ ༢,༢༥༡ སྒེར་གྱི་སློབ་གྲྭ་ཚུ་ནང་ གཞུང་གིས་རྒྱབ་སྐྱོར་མཛད་དེ་ བཙུགས་ཡོདཔ་ད་ སྤྱི་ལོ་ ༢༠༢༠ ལུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་ ༢,༠༨༨ ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1388446
Views Today :
Total views : 5000
Who's Online :