ལྷུན་རྩེ་རྫོང་ཁག་ རྒྱ་རས་རྒེད་འོག་གི་ མི་སེར་ཚུ་གི་དོན་ལས་ གོང་འཕེལ་གྱི་ འཆར་གཞི་སྣ་ཚོགས།

བདེ་སྐྱིད་ཆོས་སྒྲོན།
ལྷུན་རྩེ་རྫོང་ཁག་ རྒྱ་རས་རྒེད་འོག་གི་ མི་སེར་ཚུ་ འཚོ་བ་སོ་ནམ་ལུ་བརྟེན་ཏེ་ སྡོད་མི་ཅིག་ཨིན་རུང་ ས་གནས་དེ་ཁར་ ཆུ་རུད་འཐོན་ནི་གི་ ཉེན་ཁ་ཡོད་པའི་ཁར་ ཚལ་མ་སྟུག་དྲགས་ནང་ ཆགས་ཏེ་ཡོདཔ་ལས་ ཚོད་བསྲེ་ཚུ་ཡང་ ག་ཅི་ར་བཏབ་རུང་ རི་དྭགས་སེམས་ཅན་ཚུ་ལས་ ཉེན་སྲུང་འབད་ནི་ལུ་ གདོང་ལན་དང་ ཚོང་འབྲེལ་འཐབ་སའི་ ས་གོ་ཡང་མེད་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
དེ་ཡང་ སྐྱེས་ལོ་ ༤༧ འབད་མི་ རྒྱ་རས་རྒཔོ་ ཀུན་བཟང་མི་འགྱུར་གྱིས་ བཤད་ཡོདཔ་ད་ དེ་བཟུམ་སྦེ་ རྒེད་འོག་དེ་ནང་ ཞིང་ཆུ་དང་ འཐུང་ཆུའི་དཀའ་ངལ་ཚུ་ཡང་ཡོད་རུང་ རྒེད་འོག་འཆར་གཞིའི་ནང་ ཚུད་དེ་ཡོདཔ་ལས་ འཕྲལ་མགྱོགས་ར་ བསལ་ཚུགས་པའི་ རེ་བ་ཡོདཔ་མ་ཚད་ སྤྱི་འོག་ག་རའི་ནང་ སོ་ནམ་ཞིང་ལམ་གྱིས་ ཁྱབ་མ་ཚུགས་པར་ཡོད་མི་ཚུ་ཡང་ ལོ་ལྔའི་འཆར་གཞི་ ༡༣ པའི་ནང་ ཁྱབ་ཚུགས་བཟོ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
དེ་ལས་ ལ་གྲོང་དང་ ཟངས་མཁར་སྤྱི་འོག་ནང་ གསོ་བའི་གཞི་རྟེན་སྨན་ཁང་ ༢ དང་ སློབ་གྲྭ་ཆུང་བ་ ༢ ཡོད་རུང་ ཡུམ་ཆེ་དང་ ངང་ངེས་ལྕ་ཀྲོང་ སྤམ་སྤྱི་འོག་ཚུ་གི་ནང་ལས་ སློབ་ཕྲུག་ཨ་ལོ་ཚུ་ ལ་གྲོང་སློབ་གྲྭའི་ནང་ དུས་ཡུན་ཆུ་ཚོད་ ༤ དེ་རེ་ འགྲོ་འགྲུལ་འབད་དགོ་པའི་ཁར་ གནམ་བྱཱར་གྱི་སྐབས་ལུ་ དཀའ་ངལ་དང་ ཉེན་ཁ་སྦོམ་ཡོདཔ་ལས་ ལ་གྲོང་སློབ་གྲྭ་དེ་ཡང་ ནང་སྡོད་སློབ་གྲྭ་ལུ་ བསྒྱུར་བཅོས་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
རྒཔོ་ཀུན་བཟང་མི་འགྱུར་དེ་ སྤྱི་ལོ་ ༢༠༠༧ ལས་ ད་ཚུན་གྱི་བར་ན་ རྒ་པོའི་གོ་གནས་ཁར་ གནས་ཡུན་ ༤ གི་རིང་ལུ་ བཙག་འཐུ་གྲུབ་སྟེ་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༡༡ ལས་ར་ ལོ་ངོ་ ༩ དེ་ཅིག་གི་རིང་ལུ་ སྤྱི་འབོད་དང་ ཡི་གུ་སྐྱེལ་འདྲེན་པ་སྦེ་ཡང་ སྡོད་པའི་ཁར་ ཐོབ་ཁུངས་ཚུ་ ག་ནི་ཡང་མེད་རུང་ སྤྱི་ལོ་ ༡༩༩༠ ལས་ ལོ་ངོ་ ༣ དེ་ཅིག་གི་རིང་ལུ་ རྒ་པོའི་དྲུང་ཡིག་དང་ དེ་ལས་ ལོ་ངོ་ ༡ དེ་ཅིག་ ཚོགས་པ་སྦེ་ ཕྱག་ཞུ་ནུག།
ད་ཚུན་གྱི་རིང་ལུ་ རྒེད་འོག་དེ་ ཡར་རྒྱས་འགྱོ་མ་ཚུགས་མི་དེ་ཡང་ རྒེད་འོག་དེ་ནང་ལས་ ཚོད་བསྲེ་དང་ ཤིང་འབྲས་ཚུ་ འཐོན་བཞིན་དུ་ཡོད་རུང་ ཚོང་འབྲེལ་འཐབ་སའི་ ས་གོ་མེད་པའི་ དཀའ་ངལ་ལུ་བརྟེན་ཏེ་ཨིནམ་ད་ ཧེ་མ་ལས་ ཤིང་མཁར་དང་ སྒོར་གཱན་གྱི་བར་ན་ འཁོར་ལམ་གཏོན་ནི་གི་ འཆར་གཞི་ཡོད་མི་དེ་ཡང་ དེ་འཚམས་ཅིག་སྦེ་ར་ ཐོགས་ལུས་སོང་ཡི་ཟེར་ཨིན་པས།
ཨིན་རུང་ བུམ་ཐང་དགེ་ཟམ་ཆུ་ལས་ གྲུམ་སྤང་ཡུམ་ཆེ་བརྒྱུད་དེ་ རྒྱ་རས་རྒེད་འོག་ལས་ ཨའུ་མཚོ་ཁྲོམ་ཁར་ཚུན་ ཞིང་ལམ་སེལ་ནི་གི་ བརྟག་ཞིབ་འབད་བའི་བསྒང་ཡོདཔ་ལས་ ག་དེམ་ཅིག་སྦེ་ ཞིང་ལམ་དེ་ བསལ་ཚུགས་པ་ཅིན་ རྒེད་འོག་དེ་གི་ མི་སེར་ག་ར་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།
དེ་ལས་ རྒཔོ་ཁོ་ར་རྩིས་ཏེ་ རྒཔོ་དེ་ལུ་ སྤུན་མཆེད་ ༤ ཡོད་རུང་ ཁོང་ཆ་ཁྱབ་ དང་པར་དུ་ ཕམ་ཉམ་ཆུང་དང་ གཉིས་པ་ སློབ་གྲྭ་ཚུ་ ས་ཐག་རིང་སར་འབདཝ་ལས་ ཤེས་ཡོན་སྦྱངས་ནི་གི་ གོ་སྐབས་དེ་ ཕོ་རྒནམ་སྦོམ་ཤོས་ལུ་མ་གཏོགས་ གཞན་མི་ཚུ་ལུ་ མ་ཐོབ་ཟེར་ཨིནམ་ད་ ཨིན་རུང་ རྒཔོ་དེ་གིས་ ཁོ་རའི་ཕོ་རྒནམ་ལས་ རྫོང་ཁའི་ཡི་གུ་འབྲི་ལྷག་ཚུ་ ལྷབ་ཅི་ཟེར་ བཤདཔ་ཨིན་པས།
དེ་གི་ཤུལ་ལས་ སྤྱི་ལོ་ ༢༠༠༠ ལས་ ༢༠༠༦ ཚུན་ གཡུས་གོ་དེ་ཁའི་ མི་སེར་ཚུ་ལུ་ དཔྱེ་ཆ་སྟོན་ཏེ་ སྡོད་པའི་སྐབས་ལུ་ སྤྲོ་བ་བསྐྱེད་མི་ མང་སུ་ཐོན་པའི་སྟབས་ཀྱིས་ གཞི་རྟེན་ཤེས་ཡོན་ལྷབ་ས་ཅིག་ སྒོ་ཕྱེ་དགོཔ་སྦེ་ རྒེད་འོག་ལུ་ ཞུ་བ་ཕུལཝ་བཞིན་དུ་ རྒེད་འོག་བརྒྱུད་དེ་ རྫོང་ཁག་ལས་ ངོས་ལེན་གྲུབ་པའི་ཤུལ་ལུ་ སློབ་དཔོན་ཡང་ ཁོ་རང་འབད་དགོ་པའི་ བཀའ་གནངམ་ལས་ ཞི་རྟེན་ཤེས་ཡོན་གྱི་ སློབ་དཔོན་སྦེ་ཡང་ སྡོད་ཅི་ཟེར་ཨིན་པས།
རྒེད་འོག་དེ་ ལྷུན་རྩེ་རྫོང་ལས་ ཀི་ལོ་མི་ཊར་ ༥༦ དང་ ཨའུ་མཚོ་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་ ༦ གི་ ས་ཁོངས་ནང་ ཆགས་ཏེ་ཡོདཔ་ད་ རྒེད་འོག་དེ་ཁར་ སྤྱི་འོག་ ༥ གི་ནང་ གུང་གྲངས་ ༢༡༩ ལས་ གུང་སྟོང་ ༤༤ དང་ མི་རློབས་ ༢,༠༠༠ དེ་ཅིག་ལས་ གཡུས་ཁར་སྡོད་མི་ ༦༠༠ དང་ ༧༠༠ དེ་ཅིག་མ་གཏོགས་ མེད་ཟེར་ཨིན་པས།
རྒཔོ་ཀུན་བཟང་མི་འགྱུར་གྱིས་ རྒྱ་རས་རྒེད་འོག་གི་ མི་སེར་ཚུ་གིས་ ལོ་ངོ་མང་རབས་ཅིག་གི་རིང་ལུ་ ཕྱག་ཞུ་ནི་གི་ གོ་སྐབས་གནང་མི་དེ་ ཁོ་གི་མི་ཚེའི་ནང་ དུས་ནམ་ཡང་བརྗེད་མ་ཚུགས་པའི་ གོ་སྐབས་བཟང་པོ་ཅིག་ཨིནམ་ལས་ མི་སེར་ཚུ་ལུ་ སེམས་ཀྱི་གདིང་ལས་ར་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

Please follow and like us: