
སྒྲོལ་མ་ཡེ་ཤེས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཨོ་རོང་རྒེད་འོག་གི་ སྤྱི་འོག་ག་རའི་ནང་ འཁོར་ལམ་ཚུ་ ལྷོད་དེ་ཡོདཔ་ལས་ དཀའ་ངལ་སྦོམ་ཅིག་ ག་ནི་ཡང་ མེད་དེ་འབད་རུང་ སྤྱི་འོག་ལ་ལུ་ཅིག་ནང་ ཟམ་པ་རྐྱབ་དགོཔ་ཡོད་ཟེར་ཨིན་པས།
དེ་ཡང་ སྐྱེས་ལོ་ ༣༥ འབད་མི་ ཨོ་རོང་རྒཔོ་ པདྨ་རྒྱལ་པོ་གིས་ བཤད་ཡོདཔ་ད་ ཧེ་མ་འབད་བ་ཅིན་ སྤྱི་འོག་ལ་ལུ་ཅིག་ནང་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་ཚུ་ སྡོད་ཡོད་རུང་ བདེ་སྲུང་ཆུའི་ལས་འགུལ་གྱི་གྲོགས་རམ་ཐོག་ལས་དཀའ་ངལ་དེ་ཚུ་ བསལ་ཚར་ཡི་ཟེར་ཨིན་པས།
རྒཔོ་པདྨ་རྒྱལ་པོ་གིས་ སློབ་རིམ་ ༡༢ པ་ མཇུག་བསྡུ་བའི་ཤུལ་ལུ་ སྤྱི་ལོ་ ༢༠༡༠ ལས་ ༢༠༡༥ ཚུན་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ནང་ ཁག་འབག་ཐོག་ལུ་ ས་འཇལ་པ་སྦེ་ཕྱག་ཞུ་ནུག།
སྤྱི་ལོ་ ༢༠༡༦ ལུ་ ས་གནས་གཞུང་གི་ བཙག་འཐུ་ཐེངས་ ༢ པའི་ནང་ བཅར་མར་གཏོགས་ཡོདཔ་བཞིན་དུ་ བཙག་འཐུ་གྲུབ་ཡོདཔ་ལས་ ལོ་ངོ་ ༥ གི་རིང་ལུ་ དམངས་མི་སྦེ་ ཕྱག་ཞུ་ཡོདཔ་ད་ བཙག་འཐུ་ཐེངས་ ༣ པའི་ནང་ རྒ་པོའི་གོ་གནས་ཁར་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
རྒེད་འོག་དེ་ཁར་ སྤྱི་འོག་ ༦ གི་ནང་ གུང་གྲངས་ ༥༠༠ལྷགཔ་ཅིག་དང་ མི་རློབས་ ༦,༠༠༠ ལྷགཔ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 1008
Users Yesterday : 1155
This Month : 48567
This Year : 228470
Total Users : 940286
Views Today : 1642
Total views : 2738266
Who's Online : 11