
ཨྱོན་ཚེ་རིང་།
སྤྱི་ཟླ་ ༦ པའི་ཚེས་ ༢ ལས་ སྤྱི་ཚོགས་ ༣ པའི་ འབྲུག་རྒྱལ་ཡོངས་ཚོགས་ཐེངས་ ༧ པ་ འཚོགས་གནང་ནི་ཨིནམ་ལས་ སྤྱི་ཟླ་ ༥ པའི་ཚེས་ ༡༦ ལུ་ སྔོན་འགྲོའི་ཞལ་འཛོམས་ ཚོགས་གནང་ཐོག་ལས་ གསུང་གྲོས་ཀྱི་ གྲོས་གཞི་ཚུ་ གཏན་འཁེལ་བཟོ་གནང་ནུག།
དེ་ཡང་ ཚོགས་བཞུགས་དེ་ནང་ རྩིས་ལོ་ ༢༠༢༢-༢༠༢༣ ལོའི་ ལོ་བསྟར་འཆར་དངུལ་གྱི་ སྙན་ཞུ་དང་ རྩིས་ལོ་ ༢༠༢༡-༢༠༢༢ ཀྱི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ (ཏི་རུའི་དཔྱད་ཡིག་) དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དཔྱད་ཡིག་ (ཏི་རུའི་དཔྱད་ཡིག་) ཚུ་གུ་ གསུང་གྲོས་གནང་ནི་ཨིན་པས།
དེ་བཟུམ་སྦེ་ འབྲུག་གི་ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༢ ཅན་མ་ (ཏི་རུའི་དཔྱད་ཡིག་) དང་ འབྲུག་གི་རྒྱུ་དངོས་ ཁྲལ་ཡངས་ཆག་གི་ དཔྱད་ཡིག་ ༢༠༢༢ ཅན་མ་ (ཏི་རུའི་དཔྱད་ཡིག་) ལུ་ཡང་ གསུང་གྲོས་གནང་ནི་ཨིན་ཟེར་ འབྲུག་རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ནང་བཀོད་ནུག།
དེ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ རྒྱལ་ཁབ་གཅིག་ལས་གཅིག་བརྒྱུད་དེ་ གོ་སྒྲིག་འབད་བའི་ ཉེས་ལས་བཀག་ཐབས་ཀྱི་ མཐུན་གྲོས་དང་ སྐྱེ་བོ་ཉེས་ཚོང་ དམིགས་བསལ་ཨམ་སྲུ་དང་ ཨ་ལོ་ནག་ཚོང་ སྔོན་འགོག་ བཙན་གནོན་དང་ ཉེས་ཁྲིམས་བཀལ་ནི་གི་ དཔྱད་གཞིའི་གན་འཛིན་ ༢༠༢༢ ཅན་མའི་གུ་ གསུང་གྲོས་གནང་ནི་ཨིན་པས།
ཚོགས་བཞུགས་དེ་ཁར་ ལྷག་ཐེངས་ ༣ པའི་ནང་ འབྲུག་གི་ནགས་ཚལ་དང་ རང་བཞིན་ཉམས་སྲུང་དཔྱད་ཡིག་ ༢༠༢༡ ཅན་མ་ལུ་ གསུང་གྲོས་གནང་ནི་ཨིན་པའི་སྐོར་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
སྤྱི་ཚོགས་ལྷན་བཞུགས་ནང་ དམངས་རྩིས་ཚོགས་ཆུང་གི་ བསྐྱར་ཞིབ་སྙན་ཞུ་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་ ༢༠༢༠-༢༠༢༡ ཅན་མ་ དམངས་རྩིས་ཚོགས་ཆུང་གི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ཚུ་ལུ་ གསུང་གྲོས་གནང་ནི་ཨིན་པས།
འདས་པའི་ཚོགས་བཞུགས་ནང་ ཚོགས་ཁང་ ༢ ཀྱི་བར་ན་ མོས་མཐུན་བྱུང་མ་ཚུགས་མི་ འབྲུག་གི་ངན་ལྷད་བཀག་སྡོམ་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༡ ཅན་མ་དང་ འབྲུག་གི་མི་སྡེ་ལས་ཚོགས་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༡ ཅན་མ་ ངན་ལྷད་ཀྱི་ གདོང་ལན་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ མཐུན་གྲོས་ (འཕྲི་སྣོན་) ཚུ་ལུ་ གསུང་གྲོས་གནང་ནི་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དཔྱད་ཡིག་བསྐྱར་གྲོས་ཀྱི་ གསུང་གྲོས་ནང་ འབྲུ་གི་སྐྱེ་ལྡན་རིགས་སྣའི་ དཔྱད་ཡིག་ ༢༠༢༡ ཅན་མ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༡ ཅན་མའི་གུ་ གསུང་གྲོས་གནང་ནི་ཨིན་པས།
དེ་ལས་ གཞན་ཡང་ རེས་གཟའ་ལྷག་པ་དང་ སྤེན་པ་ལུ་ དྲི་བཀོད་ཀྱི་ ལས་རིམ་དང་ ཚོགས་ཐེངས་ ༦ པའི་ གྲོས་ཆོད་དང་ལེན་དང་ གྲོས་དོན་ཕུལ་ནི་གི་ ལས་རིམ་ཚུ་ཡང་ ཚུད་དེ་ཡོད་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1388449
Views Today :
Total views : 5000
Who's Online :