ཐིམ་ཕུ་རྡོར་གདན་བཀྲིས་ཐང་ ནང་པའི་གཙུག་ལག་སློབ་གྲྭའི་ནང་ ཞབས་དྲུང་དག་སྣང་མའི་སྒྲུབ་ཆེན།

བདེ་སྐྱིད་ཆོས་སྒྲོན།
ཐིམ་ཕུ་རྡོར་གདན་བཀྲ་ཤིས་ཐང་ ནང་པའི་གཙུག་ལག་སློབ་གྲྭའི་ནང་ རྒྱལ་སྲས་སྤྲུལ་སྐུ་རིན་པོ་ཆེ་ དཔལ་འཇིགས་མེད་བསྟན་འཛིན་དབང་པོ་མཆོག་དང་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་དང་ གཙུག་ལག་སློབ་དཔོན་ཚུ་ དབུ་བཞུགས་ཐོག་ལུ་ མཁན་སློབ་དང་ བླ་མ་གནས་བརྟན་གྱིས་གཙོས་པའི་ དགེ་སློང་ཞལ་གྲངས་ ༥༠༠ དེ་ཅིག་གིས་ ཞབས་དྲུང་དག་སྣང་མའི་ སྒྲུབ་ཆེན་གནངམ་ཨིནཔས།
དེ་ཡང་ རང་ཟླ་ ༣ པའི་ཚེས་ ༡༥ སྤྱི་ཟླ་ ༥ པའི་ཚེས་ ༡༦ ལུ་ སྒྲུབ་ཆེན་གྱི་ སྔོན་འགྲོ་ས་ཆོག་ གནང་ཡོདཔ་ད་ སྒྲུབ་ཆེན་དངོས་གཞི་འདི་ སྤྱི་ཟླ་ ༥ པའི་ཚེས་ ༡༧ ལས་ ཉིན་གྲངས་ ༧ གྱི་རིང་ལུ་ འཚོགས་གནང་པའི་བསྒང་ཨིན་པས།
སྒྲུབ་ཆེན་གནང་མི་འདི་ སྐྱབས་མགོན་བླ་མ་དམ་པ་ དཔལ་ངག་དབང་རྣམ་རྒྱལ་མཆོག་གིས་ འབྲུག་རྒྱལ་ཁབ་ནང་ གཞུང་དགེ་འདུན་གྲྭ་ཚང་ གཞི་བཙུགས་མཛད་དེ་ མི་ལོ་ ༤༠༠ འཁོར་བའི་ བཀའ་དྲིན་རྗེས་དྲན་གྱི་དོན་ལུ་དང་ འཛམ་གླིང་ནང་ ཀོ་ཝིཌ་-༡༩ གིས་གཙོས་པའི་ ནད་ཡམས་མུ་གེ་ཚུ་ག་ར་ ཞི་ཐབས་ལུ་ཨིན་ཟེར་ རྡོར་གདན་བཀྲིས་ཐང་ ནང་པའི་གཙུག་ལག་སློབ་གྲྭའི་ བརྡ་བརྒྱུད་འགོ་དཔོན་ སློབ་དཔོན་ཀརྨ་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཞབས་དྲུང་དག་སྣང་མ་དེ་ གསེར་ཀོང་རྡོ་རྗེ་འཆང་ ཚུལ་ཁྲིམས་དོན་ལྡན་མཆོག་གི་ དག་སྣང་ལུ་སྦེ་ བཀའ་བབས་བྱུང་མི་དེ་ རྗེ་མཁན་ཁྲི་རབས་ ༦༩ པ་ དགེ་བཤེས་དགེ་འདུན་རིན་ཆེན་མཆོག་གིས་ ལས་བྱང་ཚུ་ བཟོ་གནང་མིའི་གུ་ ད་རེས་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་མཆོག་གིས་ ཕྱོགས་སྒྲིག་མཛད་དེ་ སྒྲུབ་ཆེན་གནང་མི་འདི་ འགོ་དང་པ་ཨིན་པས།
ཞབས་དྲུང་དག་སྣང་མའི་ ཆོ་ག་འབྱུང་ཚུལ་ཡང་ ཞབས་དྲུང་རིན་པོ་ཆེ་མཆོག་ སྐུ་བདེ་བར་གཤེགས་པའི་ཤུལ་ལུ་ བླ་མ་གསེར་ཀོང་རིན་པོ་ཆེ་ གིས་ རང་ཟླ་ ༥ པའི་ཚེས་ ༡༠ ལུ་ བུམ་ཐང་སྐུ་རྗེས་ལྷ་ཁང་ནང་སྦེ་ གུ་རུ་རིན་པོ་ཆེ་ སྒྲུབ་པའི་སྐབས་ལུ་ ཞབས་དྲུང་རིན་པོ་ཆེ་ སྐུ་དངོས་སུ་སྦེ་ བྱོན་ཞིནམ་ལས་ སྐུ་གསུང་ཐུགས་ཀྱི་ བྱིན་གྱིས་བརླབས་གནང་ཡོདཔ་ད་ དེ་བསྒང་ གསེར་ཀོང་རིན་པོ་ཆེ་གིས་ ཞབས་དྲུང་རིན་པོ་ཆེ་མཆོག་ ངོ་བོ་གུ་རུ་པདྨ་འབྱུང་གནས་དང་ དབྱེ་བ་མེདཔ་སྦེ་ དམ་པའི་ཆོས་ཡང་ གསན་ཐོག་ལུ་ ཞབས་དྲུང་དག་སྣང་མའི་ བཀའ་འབབ་གནང་ཞིནམ་ལས་ཚུར་ ཞབས་དྲུང་དག་སྣང་མའི་ ཆོ་ག་དེ་ཡང་ རྒྱས་འབྲིང་བསྡུས་གསུམ་སྦེ་ རིམ་པ་བཞིན་དུ་ བྱུང་ནུག་ཟེར་ སློབ་དཔོན་ཀརྨ་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཞབས་དྲུང་རིན་པོ་ཆེ་དང་ ཞབས་དྲུང་དག་སྣང་མའི་ སྐུ་འདྲ་གཉིས་ཀྱི་ ཁྱད་པར་དེ་ཡང་ ཞབས་དྲུང་ངག་དབང་རྣམ་རྒྱལ་འདི་ ཕྱག་གཡོན་པ་ མཉམ་བཞག་གུ་ ཚེ་བུམ་བསྣམས་ཐོག་ལུ་ ཕྱག་གཡས་པ་ ས་གནོན་གྱི་ ཕྱག་རྒྱ་མཛད་དེ་ཡོདཔ་ད་ ཞབས་དྲུང་དག་སྣང་མའི་ སྐུ་འདྲའི་རྣམ་པ་འབད་བ་ཅིན་ ཕྱག་གཉིས་ཆ་ར་ མཉམ་བཞག་མཛད་པའི་གུ་ ཚེ་བུམ་བསྣམས་ཏེ་ ཐུགས་ཁ་ལུ་ གུ་རུ་རིན་པོ་ཆེའི་སྐུ་དང་ དབུ་ཐོད་ལུ་ ཚེ་དཔག་མེད་ཀྱི་ སྐུ་ཡོད་ཟེར་ཨིན་པས།
ཉིན་གྲངས་ ༧ གྱི་རིང་ལུ་ གནང་པའི་བསྒང་ཨིན་མི་ ཞབས་དྲུང་དག་སྣང་མའི་ སྒྲུབ་ཆེན་འདི་ རང་ཟླ་ ༣ པའི་ཚེས་ ༢༣ སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།

Please follow and like us: