
སྤྱི་ཟླ་ ༥ པའི་ཚེས་ ༣༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བཀྲིས་སྒང་ལུ་ ཕྱག་ཕེབས་གནང་སྟེ་ བཀང་ལུང་ཤེས་རབ་རྩེ་ མཐོ་རིམ་སློབ་གྲྭའི་ སློབ་དཔོན་དང་ སློབ་ཕྲུག་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ བཀྲིས་སྒང་ རྫོང་ཁག་གི་ འགོ་དཔོན་ཚུ་དང་ཡང་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༢༦ ལས་ བུམ་ཐང་དང་ མོང་སྒར་ བཀྲིས་སྒང་ཚུ་ལུ་ ཆིབས་སྐྱོད་གནང་ཐོག་ལས་ ཤར་ཕྱོགས་ཁ་ཐུག་ལུ་ འགོ་འདྲེན་འཐབ་མི་ བདེ་སྲུང་ལས་སྣ་ཚུ་ནང་ བཅའ་མར་གཏོགས་ཡོད་མི་ ན་གཞོན་ཚུ་དང་ རྒྱལ་པོའི་ཞིང་ བརྡ་དོན་འཕྲུལ་རིག་ མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་དང་ རྫོང་ཁག་གི་འགོ་དཔོན་ དེ་ལས་ ཤར་ཕྱོགས་ཀོ་ཝིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ འཐུས་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།
ཤར་ཕྱོགས་ཁ་ཐུག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ བདེ་སྲུང་ལས་སྣ་ཚུ་གི་གྲངས་སུ་ བདེ་སྲུང་རིག་རྩལ་ལས་རིམ་དང་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ལས་འགུལ་ ༢ ཚུདཔ་ཨིན་པས།
སྤྱི་ཟླ་ ༥ པའི་ཚེས་ ༢༦ ལུ་ མི་དབང་མངའ་ཞབས་མཆོག་གིས་ བུམ་ཐང་ལུ་ བདེ་སྲུང་རིག་རྩལ་ལས་རིམ་ཐོག་ལས་ བཟའ་ཆས་བཟོ་བསྒྱུར་དང་ སྒམ་རྐྱབ་ཐངས་ དེ་ལས་ ཤིང་དང་འབྲེལ་བའི་ལཱ་དང་ ཤིང་བཟོའི་ལས་རིམ་ནང་ གྲལ་གཏོགས་འབད་མི་ བདེ་སྲུངཔ་ཚུ་དང་ མཇལ་ཕྲད་མཛད་གནང་པའི་ཁར་ མོང་སྒར་རྒྱལ་པོའི་ཞིང་ལུ་ སྐྱ་དང་ བཟོ་བཟོ་ཐངས་ བཞེས་སྒོ་འབད་ཐངས་ཚུ་གི་ རིག་རྩལ་ལས་རིམ་ནང་ཡོད་མི་ བདེ་སྲུངཔ་ཚུ་དང་ཡང་ མཇལ་ཕྲད་མཛད་ནུག།
སྤྱི་ལོ་ ༢༠༢༡ ལུ་ གཞི་བཙུགས་འབད་མི་ བདེ་སྲུང་རིག་རྩལ་ལས་རིམ་གྱིས་ འཕྲལ་ཁམས་ཅིག་ཁར་ ལས་དོན་སྣ་ཚོགས་ཀྱི་ནང་ སྦྱོང་བརྡར་ལས་རིམ་ཁག་ ༡༠༠ མཇུག་བསྡུ་ཡོདཔ་ད་ ད་རེས་ རྒྱལ་ཁབ་ནང་འཁོད་ལུ་ སྦྱོང་བརྡར་ཁག་ ༥༦ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ རིག་རྩལ་ལས་རིམ་གྱི་ སྦྱོང་བརྡར་ཚུ་ག་ར་ རྒྱལ་ཁབ་ནང་འཁོད་དང་ རྒྱལ་སྤྱིའི་མཁས་མཆོག་ཚུ་གིས་ བྱིན་དོ་ཡོདཔ་ཨིན་པས།
སྦྱོང་བརྡར་ཚུ་ཡང་ གཞི་རྟེན་ལས་ འགོ་བཙུགས་ཏེ་ འབྲིང་རིམ་དང་ ཁྱད་རིག་གི་ གནས་རིམ་ཚུན་ འགོ་འདྲེན་འཐབ་དོ་ཡོདཔ་ད་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ལས་རིམ་ཚུ་ མི་དབང་ཞབས་ཀྱི་ བཀའ་རྒྱ་དང་འཁྲིལ་ཏེ་ འགོ་བཙུགས་ཡོད་མི་དེ་ཡང་ ན་གཞོན་ཚུ་གིས་ རྒྱལ་ཡོངས་ལུ་ གལ་གནད་ཆེ་བའི་ ཞབས་ཏོག་ཞུ་ནི་གི་ གོ་སྐབས་བྱིན་ཐོག་ལས་ རྒྱལ་ཁབ་འདི་ནང་ མི་རབས་ལས་མི་རབས་ལུ་ ཕན་ཐོགས་ཚུགསཔ་སྦེ་ བཟོ་ཐབས་ལུ་ཨིན་པས།
བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ ལས་རིམ་ཚུ་གི་གྲས་ལས་ དང་པ་ར་ ཆུའི་ལས་འགུལ་ཨིནམ་བཞིན་དུ་ ཆུའི་ལས་འགུལ་ཁག་ ༢༦ མཇུག་བསྡུ་མི་ཚུ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ མི་སེར་སྟོང་ཕྲག་ ལེ་ཤ་ཅིག་ལུ་ ཕན་ཐོགས་འབྱུང་སྟེ་ཡོདཔ་མ་ཚད་ ད་ལྟོ་ ལག་ལེན་འཐབ་བཞིན་དུ་ཡོད་མི་ ལས་འགུལ་ཁག་ ༡༠ གྱི་ འཐུང་ཆུ་དང་ ཞིང་ཆུ་ཚུ་ཡང་ མི་སྡེ་ཚུ་ལུ་ མཁོ་སྤྲོད་ཐོག་ལས་ ཕན་ཐོགས་ཚུགས་ནི་ཨིན་པས།
བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ལས་རིམ་ གཞན་མི་ཚུ་ ཤིང་འབྲས་ཀྱི་ ལྕངམ་ས་ཡ་ ༡ འཛུགས་སྐྱོང་འབད་ནི་དང་ རོ་ཁྱིའི་གྱངས་ཁ་ འཛིན་སྐྱོང་ལས་རིམ་ དེ་ལས་ རྒྱལ་པོའི་ཞིང་ལུ་ དམིགས་བསལ་འཁོར་ལམ་བཟོ་སྐྲུན་ལས་འགུལ་ཅིག་དང་ རྒྱལ་སྲུང་ལས་འགུལ་ནང་ བདེ་སྲུང་འབྲེལ་འཛིན་འབད་མི་ཚུ་ཨིནམ་ད་ འཁོར་ལམ་དང་ རྒྱལ་སྲུང་བཟོ་སྐྲུན་ལས་འགུལ་ཚུ་ནང་ཡོད་མི་ བདེ་སྲུངཔ་ཚུ་ལུ་ རྒྱལ་སྤྱིའི་མཁས་མཆོག་ཚུ་གིས་ སྤྱིར་བཏང་ཞབས་ཏོག་ཁག་འབགཔ་སྦེ་ འོས་ལྡན་གྱི་ཚེ་གཡོག་བཟོ་ནི་དང་ ལཱ་གི་གནས་ཚད་དང་ སྤུས་ཚད་དམ་འཛིན་འབད་ཐངས་ཀྱི་ སྦྱོང་བརྡར་ཚུ་ བྱིན་དོ་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ བོང་སྡེ་མ་ རྒྱལ་སྲུང་ས་ཁོངས་དང་ སྨིན་རྒྱས་འཐུང་ཆུ་ལས་འགུལ་ རྒྱལ་པོའི་ཞིང་ འཁོར་ལམ་ལས་འགུལ་ དེ་ལས་ མོང་སྒར་དང་ བཀྲིས་སྒང་ ལྷུན་རྩེ་ཚུ་ལུ་ ཤིང་འབྲས་གྱི་ ལྕངམ་ས་ཡ་ ༡ འཛུགས་སྐྱོང་དང་ རོ་ཁྱིའི་གྱངས་ཁ་ འཛིན་སྐྱོང་ལས་རིམ་ཚུ་རྩིས་ཏེ་ ཤར་ཕྱོགས་ལུ་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ལས་འགུལ་ཚུ་ནང་ ལཱ་འབད་མི་ བདེ་སྲུངཔ་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།
ནད་ཡམས་ཀོ་ཝིཌ་-༡༩ ཐོན་ཞིནམ་ལས་ཚུར་ བདེ་སྲུང་གི་ སྦྱོང་བརྡར་ལས་རིམ་ཚུ་འགོ་བཙུགས་མི་ལུ་བརྟེན་ཏེ་ ནད་ཡམས་ཀྱི་ དུས་ཚོད་ནང་ ཁས་བླངས་པ་ ལེ་ཤ་ཅིག་གིས་ རྒྱལ་ཁབ་ལུ་ ཕྱག་ཞུ་ཚུགས་ཡོདཔ་ད་ ནད་ཡམས་ཀྱིས་སྦེ་ ཤེས་ཡོན་ལྷབ་སྦྱང་གི་ གོ་སྐབས་དང་ ཡང་ཅིན་ ལཱ་གཡོག་གི་ གོ་སྐབས་བྱང་མི་ ན་གཞོན་སྟོང་ཕྲག་ལེ་ཤ་ཅིག་གིས་ཡང་ བདེ་སྲུངཔ་སྦེ་ ཕྱག་ཞུ་ནི་གི་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ བདེ་སྲུངཔ་ ༢༧,༨༠༠ ལྷགཔ་ཅིག་ཡོདཔ་ད་ བདེ་སྲུངཔ་མང་ཤོས་ཅིག་གིས་ར་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་དང་ ཡང་ཅིན་ བདེ་སྲུང་རིག་རྩལ་ལས་རིམ་ཚུ་ནང་ འཛུལ་ཞུགས་འབད་ནི་གི་ གོ་སྐབས་ལེནམ་ཨིན་པས།
མི་དབང་མཆོག་གིས་ ཆིབས་སྐྱོད་སྐབས་ལུ་ རྒྱལ་པོའི་ཞིང་ བརྡ་དོན་འཕྲུལ་རིག་ མཐོ་རིམ་སློབ་གྲྭའི་ནང་ གཟིགས་ཞིབ་གནང་ཡོདཔ་ད་ མཐོ་རིམ་སློབ་གྲྭ་དེ་ནང་ ཤེས་རིག་ལེགས་བསྒྱུར་གྱི་ རྒྱལ་ཡོངས་འཆར་སྣང་དང་མཐུནམ་སྦེ་ ལས་སྣ་སྦོམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1388966
Views Today :
Total views : 5000
Who's Online :