
སྒྲོལ་མ་ཡེ་ཤེས།
པདྨ་དགའ་ཚལ་ ལྕོང་ཤིང་རྒེད་འོག་གི་ སྤྱི་འོག་ག་རའི་ནང་ འཁོར་ལམ་དང་ གློག་མེ་ཚུ་ ལྷོད་ཡོདཔ་ལས་ དཀའ་ངལ་ལེ་ཤ་ཅིག་ བསལ་ཡོད་རུང་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་མི་ དཀའ་ངལ་དེ་ བསལ་མ་ཚུགས་པར་ཡོད་ཟེར་ཨིན་པས།
དེ་ཡང་ སྐྱེས་ལོ་ ༤༤ འབད་མི་ ལྕོང་ཤིང་རྒཔོ་ པདྨ་རྡོ་རྗེ་གིས་ བཤད་ཡོདཔ་ད་ ད་རུང་ ཁོ་གིས་འབད་བ་ཅིན་ རི་དྭགས་སེམས་ཅན་གྱི་ གནོདཔ་བཀག་ཐབས་ལུ་ གློག་རྒྱུན་གྱི་ རཝ་སྒོར་ཡོད་རུང་ ཕན་ཐོགས་ཅིག་ འབྱུང་མ་ཚུགས་ཟེར་ཨིན་པས།
དེ་འབདཝ་ལས་ གཞུང་གི་རྒྱབ་སྐྱོར་ཐོག་ལུ་ འབྲེལ་ཡོད་ལས་འགུལ་ཚུ་བརྒྱུད་དེ་ གློག་རྒྱུན་ཡོད་མི་ འགྱིབ་ཀྱི་རཝ་ཚུ་ ཞིང་གི་མཐའམ་བདའ་སྟེ་ སྒོར་གནང་པ་ཅིན་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ བཤདཔ་ཨིན་པས།
རྒེད་འོག་དེ་ཁར་ སྤྱི་འོག་ ༥ གི་ནང་ གུང་གྲངས་ ༢༥༤ ལྷགཔ་ཅིག་དང་ མི་རློབས་ ༢,༠༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།
པདྨ་རྡོ་རྗེ་དེ་ ས་གནས་གཞུང་གི་ བཙག་འཐུ་གསུམ་ཆ་རའི་ནང་ལས་ རྒ་པོའི་གོ་གནས་ཁར་ བཙག་འཐུ་གྲུབ་ཡོདཔ་ད་ དེ་ཡང་ ཁོ་གིས་ སློབ་རིམ་ ༡༠ པ་ མཇུག་བསྡུ་བའི་ཤུལ་ལུ་ ས་གནས་གཞུང་གི་ བཙག་འཐུ་ཐེངས་ ༡ པ་ སྤྱི་ལོ་ ༢༠༡༡ ལོར་ འགོ་འདྲེན་འཐབ་པའི་སྐབས་ལུ་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྒ་པོའི་གོ་གནས་ཁར་ བཙག་འཐུ་གྲུབ་ནུག།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༡༦ ལུ་ བཙག་འཐུ་ཐེངས་ ༢ པ་དང་ སྤྱི་ལོ་ ༢༠༢༡ ལུ་ བཙག་འཐུ་ཐེངས་ ༣ པའི་ནང་ཡང་ རྒ་པོའི་གོ་གནས་ཁར་ བཙག་འཐུ་གྲུབ་ཡོདཔ་ལས་ ད་རེས་ པདྨ་དགའ་ཚལ་ རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་སྦེ་ཡང་ ཕྱག་ཞུཝ་ཨིན་པའི་གནས་ཚུལ།



Users Today : 152
Users Yesterday : 1379
This Month : 152
This Year : 228993
Total Users : 940809
Views Today : 312
Total views : 2739355
Who's Online : 5